ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ཀྲིག་ཞི་ཧུའུ་རྒྱལ་མགྲོན་ཁང་དུ། ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་ཡོང་བའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ལས་དོན་ཁྲོད་འབད་པས་ཞུགས་ནས། “སྔར་ལས་མགྱོགས་པ་དང་སྔར་ལས་མཐོ་བ། སྔར་ལས་སྟོབས་དང་ལྡན་པ། སྔར་ལས་མཐུན་སྒྲིལ་ཆེ་བ”བཅས་ཀྱི་ཨོ་ལིམ་ཕིག་གི་ལེགས་བཤད་ལག་བསྟར་བྱེད་ཀྱིན་ཡོད། ཀྲུང་གོས་ན་ནིང་པྲོག་གསར་རིམས་ནད་སོགས་ཀྱི་འགྲན་སློང་ཁྱད་དུ་སེལ་ནས། འཛམ་གླིང་ལ“སྟབས་བདེ་དང་བདེ་འཇགས།ངོ་མཚར་ཆེ་བ”བཅས་ཀྱི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཤིག་ཕུལ་བ་དང་། པེ་ཅིང་འདི་ཉིད་འཛམ་གླིང་ཡོངས་ཀྱི་ངོས་ནས་བཤད་ན། “ཨོ་རྩལ་འགྲན་ཚོགས་ཟུང་ལྡན་གྱི་གྲོང་ཁྱེར”དང་པོ་རུ་གྱུར། ཀྲུང་གོས་དུས་ནམ་ཡང་ཨོ་ལིམ་ཕིག་གི་སྙིང་སྟོབས་བརྒྱུད་སྤེལ་བྱེད་པའི་གོམ་སྟབས་མཚམས་འཇོག་མི་སྲིད་པས། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་མཉམ་དུ། ལུས་རྩལ་ཆབ་སྲིད་ཅན་དུ་མི་བསྒྱུར་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤུལ་བཞག་གང་ལེགས་སྒོས་སྤྱད་དེ། ཨོ་ལིམ་ཕིག་གི་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འབུལ་འདོད་ཡོད། མིག་སྔར་ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཚང་མ་ཡོངས་འགྲུབ་བྱས་ཡོད་ཅིང་། “ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་ཨེ་ཤ་ཡའི་ཉམས་འགྱུར་རྫོགས་པ། ལྟད་མོ་ཆེ་བ”བཅས་ཀྱི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཤིག་བསྡུ་ཐུབ་པར་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ལ་ཡིད་ཆེས་ཆེན་པོ་ཡོད་པར་མ་ཟད། ཨོ་ལིམ་ཕིག་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དང་ཨེ་ཤ་ཡའི་མི་དམངས་བར་གྱི་མཐུན་སྒྲིལ་མཛའ་མཐུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་བ་འབུལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་ནན་གྱིས་གསུངས།
པཱ་ཧི་ཡིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཡིད་ཚིམ་ཡོད། ཀྲུང་གོས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་བྱ་གཞག་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ཀྲུང་གོའི་བར་གྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་འདོད་ཡོད། ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་ཐུབ་པ་བྱུང་ནས། ཨེ་ཤ་ཡའི་མཐུན་སྒྲིལ་མཛའ་མཐུན་ལ་སྐུལ་ལྕག་གཏོང་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་བསྟན།
ཚའེ་ཆི་དང་ཏེན་ཞུའེ་ཞང་། ཝང་དབྱི། ཧྲིན་དབྱི་ཆིན་སོགས་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།