ཟླ་དགུ་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཐའེ་ཉིང་གིས་རྟོག་ཞིབ་ཚན་ཆུང་ཁྲིད་དེ། བསླབ་གནས་ཁྲིམས་འཛུགས་དང་སློབ་སྔོན་སློབ་གསོའི་ཁྲིམས་འཛུགས་དང་འབྲེལ་ཡོད་བྱ་བའི་ཐད་ནས་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་སྤེལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་གཉིས་ཀྱིས་སོ་སོར་མགོ་འཛིན་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་དང་ཧི་ལུའུ་ཁྲུན་གཉིས་ཀྱིས་སོ་སོར་རང་ཞིང་གི་བསླབ་གནས་དང་སློབ་སྔོན་སློབ་གསོའི་བྱ་བའི་སྙན་ཞུ་ཕུལ་བ་དང་། ལིའུ་ཐུང་ཏི་ཡིས་མཉམ་དུ་རྟོག་ཞིབ་བྱས།
ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། རྟོག་ཞིབ་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་ནས་བསླབ་གནས་ཁྲིམས་འཛུགས་ཀྱི་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས། སྙན་ཞུ་ལ་ཉན་པར་མ་ཟད་རང་ཞིང་གི་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་གླིང་གི་འགན་ཁུར་མི་སྣ་དང་མཛུབ་ཁྲིད་དགེ་རྒན། སློབ་མའི་འཐུས་ཚབ་དང་བཞུགས་མོལ་བྱས་རྗེས། ཐའེ་ཉིང་གིས་ནན་གྱིས་བསྟན་དོན། མཐོ་རིམ་སློབ་གསོ་དེ་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྣེ་ཁྲིད་ཡིན་པའི་ཆ་ནས། རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དང་ཚན་རིག་ཞིབ་འཇུག་གསར་གཏོད་བྱེད་པའི་འགན་འཁྲི་ལས་འགན་ཕྲག་ཏུ་བབས་ཡོད་ལ། ཏང་དང་རྒྱལ་ཁབ་ལས་དོན་ཀྱི་སྤྱི་ཡོངས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕི་ངགི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་མཐོ་རིམ་སློབ་གསོ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཀུན་སྤྱོད་འཛུགས་པ་དང་མི་སྐྱོང་བ་རྒྱུན་འཁྱོངས་བྱེད་པ། ཞབས་ཞུའི་དགོས་མཁོ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་ཇེ་མཐོར་གཏོང་བ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་བའི་དུས་རབས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ཏེ། མཐོ་རིམ་སློབ་གསོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་སྲོག་ཤིང་གོ་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པར་བྱེད་པ་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། མ་ལག་འདུ་ཤེས་འཛུགས་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་བྱ་བའི་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བསླབ་གནས་བཅའ་ཁྲིམས་འཆར་ཟིན་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱ་བ་བཟང་བོར་བསྒྲུབ་ནས། སློབ་གསོ་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་དགོས།
ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། རྟོག་ཞིབ་ཚན་ཆུང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ནས་སློབ་སྔོན་སློབ་གསོའི་ཁྲིམས་འཛུགས་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས། སྙན་ཞུར་ཉན་པརམ་ཟད་ཁྲི་ཀ་རྫོང་གི་བྱིས་གཉོར་ཁང་སྐོར་ཞིག་གི་འགན་ཁུར་མི་སྣ་དང་དགེ་རྒན། ཁྱིམ་བདག་གི་འཐུས་ཚབ་བཅས་དང་བཞུགས་མོལ་བྱས་རྗེས། རྟོག་ཞིབ་ཚན་ཆུང་གི་བསྟན་དོན། དུས་རིམ་གསར་བའི་འགོ་ཚུགས་ས་གསར་བའི་སྟེང་སློབ་སྔོན་སློབ་གསོ་འཕེལ་རྒྱས་སུ་གཏོང་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་བླང་བྱ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཚད་གཞིར་འཛིན་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་སྙིང་གསལ་བོ་ཁོང་དུ་ཆུད་པར་བྱེད་པ། ཀུན་སྤྱོད་སྐྱོང་བ་དང་མི་སྐྱོང་བ་རྒྱུན་འཁྱོངས་བྱེད་པ། སྤྱི་ཕན་ཀུན་ཕན་རྒྱུན་འཁྱོངས་བྱེད་པ། སློབ་གསོ་འདྲ་མཉམ་རྒྱུན་འཁྱོངས་བྱེད་པ། སེམས་ཤུགས་ཡོད་ཚད་ཀྱིས་སློབ་སྔོན་སློབ་གསོའི་ཁྲིམས་འཛུགས་བྱ་བ་བཟང་བོར་བསྒྲུབ་སྟེ། སློབ་སྔོན་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་བདེ་འཇགས་དང་སྤུས་ཚད་ལེགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས། རྟོག་ཞིབ་ཚན་ཆུང་གིས་ཆེད་དུ་དམངས་ཆེན་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་སྐོར་ཞིག་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མི་དང་བཞུགས་མོལ་བྱས། ཐའེ་ཉིང་གིས་བསྟན་དོན། འཐུས་མི་ཚོས་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ཟམ་ཐག་བྱེད་པ། དཀྱིལ་སྙིང་ལ་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། རྟོག་ཞིབ་ཟབ་མོ་བྱེད་པ། བླ་མེད་མཚན་སྙན་ལ་གཅེས་སྤྲས་བྱས་ནས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
ཝང་ལིས་མེན་གྱིས་བསྟན་དོན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ། སློབ་གསོས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བ་དང་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བའི་གནས་བབ་གསར་བར་རྒྱུས་ལོན་ཟབ་མོ་བྱེད་པ། ཁྲིམས་སྐྱོང་བསམ་བློ་ཇེ་དྲག་ཏུ་གཏོང་བ། བཅོས་བསྒྱུར་གྱི་བརྒྱུད་རིམ་ཇེ་མགྱོགས་སུ་གཏོང་བ། འཕེལ་རྒྱས་ཀྱི་བྱེད་ཐབས་གསར་གཏོད་བྱེད་པ། སྐུལ་སློང་འགན་སྲུང་ལ་ཤུགས་སྣོན་པ། ཞན་ཆ་ཁ་གསབ་དང་་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བ། སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་པའི་ནུས་པ་མཐོར་འདེགས་བཏང་སྟེ། བརྟན་བརླིང་གི་རྣམ་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
རྟོག་ཞིབ་བྱེད་སྐབས། ཐའེ་ཉིང་སོགས་ཟི་ལིང་གྲོང་ཁྱེར་དང་ཁྲི་ཀ་རྫོང་གི་མཐོ་རིམ་སློབ་གྲྭ་དང་བྱིས་གཉོར་ཁང་། འབྲེལ་ཡོད་ས་ཁུལ་བཅས་ལ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་པར་མ་ཟད། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་པིས་ཧྲིན་ལུང་ལ་འཚམས་འདྲི་བྱས།
རིན་ཆེན་མཚོས་བསྒྱུར།