རྒྱལ་ཡོངས་ཀྱི་གསར་དར་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་ཟླ9པའི་ཚེས22ཉིན་ནས་ཚེས་23ཉིན་བར་པེ་ཅིང་དུ་འཚོགས། ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།
ལིས་ཆང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་དུས་རབས་གསར་བ་དང་རྒྱང་སྐྱོད་གསར་བའི་སྟེང་གསར་དར་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་། རྩ་དོན་གལ་ཆེན། ལས་འགན་གཙོ་གནད་བཅས་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་པས་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་དོན་འཁྱོལ་མཐར་ཕྱིན་ཡོང་བར་དམ་འཛིན་ནན་ཏན་བྱ་དགོས།
ལིས་ཆང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་དར་བཟོ་ལས་ཅནགྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཐད་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་ང་ཚོའི་ཏང་གིས་བཟོ་ལས་ཅན་གྱི་ཆོས་ཉིད་ལ་བཟུང་བའི་ངོས་འཛིན་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་སྟེ། ང་ཚོས་གསར་དར་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་རྒྱུར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་ནས་སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་དར་བཟོ་ལས་ཅན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་གོ་བ་གཏིང་ཟབ་ལེན་པ་དང་། གསར་དར་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ངེས་གནས་དང་། དུས་མཚམས་རང་བཞིན་གྱི་ཁྱད་ཆོས། ཁོར་ཡུག་ཆ་རྐྱེན་གྱི་འགྱུར་ལྡོག་བཅས་ཁོང་དུ་ཡང་དག་པར་ཆུད་པར་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་དང་ཡང་དག ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་གསར་དར་བཟོ་ལས་ཅན་གྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། བཟོ་སྐྲུན་གྱི་སྟོབས་ལྡན་རྒྱལ་ཁབ་གང་མགྱོགས་ངང་བསྐྲུན་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་དགོས།
ལིས་ཆང་གིས་ནན་གྱིས་བསྟན་དོན། དུས་རབས་ཀྱི་བླང་བྱ་དང་དུས་བབ་ཀྱི་འགྱུར་ལྡོག་དང་འཚམ་པར་བྱས་ཏེ་གཙོ་གནད་མངོན་གསལ་དོད་པོ་དང་འགག་རྩ་དམ་འཛིན་གྱིས་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་མཉེན་གཤིས་དང་བདེ་འཇགས་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ་དང་། ཐོན་ལས་ཀྱི་གསར་གཏོད་ནུས་པ་མགྱོགས་མྱུར་ངང་ཆེ་རུ་གཏོང་བ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། གྲངས་གཞིའི་ལག་རྩལ་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། བཟོ་ལས་ལྗང་མདོག་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བཅོས་སྒྱུར་གཏིང་ཟབ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རིགས་སོ་སོའི་ཁེ་ལས་ཀྱི་ལེགས་ཆ་གསབ་རེས་དང་ཕན་ཚུན་འགྲན་རྩོད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོའི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་པ། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་ལ་བརྟེན་ནས་ཐོན་ལས་ལུགས་མཐུན་བཀོད་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་ཀྱི་ཐོན་ཁུངས་གང་ལེགས་སྤྱོད་པ་བཅས་བྱས་ནས་གསར་དར་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དང་གསོན་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་དེ་གསར་དར་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར། ཤེས་ལྡན་མི་སྣའི་འགན་ལེན་བཅས་ལ་ཤུགས་བསྣན་ནས་གསར་དར་བཟོ་ལས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་སྤྱི་སྡོམ་གཏམ་བཤད་གནང་སྐབས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་སྔར་ལས་གཅིག་གྱུར་ཡོང་བར་བྱེད་པ་དང་། ཙུང་ལི་ལིས་ཆང་གི་གསུང་བཤད་ཀྱི་བླང་བྱ་དོན་འཁྱོལ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ་དང་ཐོན་ལས་བདེ་འཇགས་ལ་འགན་ལེན་བྱེད་པའི་ཐད་མུ་མཐུད་དུ་ཤུགས་སྣོན་པ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་མ་ལག་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་དུ་ཤུགས་སྣོན་པ། བཟོ་ལས་གཞི་གྲངས་ཅན་དང་ལྗང་མདོག་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་དུ་ཤུགས་སྣོན་པ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་དང་སྒུལ་ཤུགས་ཆེ་རུ་གཏོང་བའི་ཐད་མུ་མཐུད་དུ་ཤུགས་སྣོན་པ། གསར་དར་བཟོ་ལས་ཅན་གྱི་གཙོ་གནད་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྲུང་སྐྱོང་གཉིས་ལག་བསྟར་བྱེད་དགོས།
ཝུའུ་ཀྲིན་ལུང་ཚོགས་འདུར་ཞུགས།
ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པས་འཚོགས་ཤིང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོ་དང་། འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས་དང་ཁེ་ལས། དམག་དཔུང་གི་འབྲེལ་ཡོད་སྡེ་ཁག བཟོ་སྐྲུན་ལས་རིགས་ཁེ་ལས་བཅས་ཀྱི་འགན་འཁུར་བ་སོགས་ཚོགས་འདུར་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།