ཞི་ཅིན་ཕིང་གིས་བལ་པོའི་ཙུང་ལི་ལ་མཇལ་འཕྲད་གནང་།
2023.09.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ཀྲིག་ཞི་ཧུའུ་རྒྱལ་མགྲོན་ཁང་དུ། ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་བལ་པོའི་ཙུང་ལི་ཕུའུ་ལཱ་ཁྲང་ཏ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བར་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས། ཀྲུང་གོ་དང་བལ་པོའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཟམ་མི་ཆད་པར་ཐོབ་པ་དང་། ཧི་མ་ལ་ཡའི་ཕྱོགས་བསྡུས་འབྲེལ་མཐུད་དྲ་བ་གཞི་རྩའི་ཆ་ནས་གྲུབ་ཡོད། ཕྱོགས་གཉིས་ཀས་རྨང་གཞིའི་སྒྲིག་ཆས་སྦྲེལ་མཐུད་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་བ་དང་། ས་མཚམས་བརྒལ་ནས་སྐྱེལ་འདྲེན་མཉམ་ལས་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། བལ་པོ་གང་མགྱོགས་སྒོས“སྐམ་སའི་སྒོ་བརྒྱབ་པའི་རྒྱལ་ཁབ”ནས“སྐམ་སའི་མཉམ་འབྲེལ་རྒྱལ་ཁབ”ཏུ་འགྱུར་བར་རོགས་རམ་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་བལ་པོར་སོང་ནས་མ་དངུལ་བཏང་ནས་ལས་སྐྲུན་བྱེད་པར་སྐུལ་མ་གཏོང་བ་་དང་། བལ་པོས་ཀྲུང་གོར་ཐོན་རྫས་ཕྱིར་གཏོང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་མ་ཟད། བལ་པོ་ཕྱོགས་དང་མཉམ་དུ། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། བལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་འདོད་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྲུང་གོ་དང་བལ་པོར་ཐུན་མོང་གི་ཁེ་ཕན་ཆེན་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་བལ་པོའི་བར་གྱི་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གྱིས་གསུངས།

ཕུའུ་ལཱ་ཁྲང་ཏ་ཡིས་བལ་པོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་ཀྱིན་ཡོད། ཐའེ་ཝན་དང་བོད་ལྗོངས་གཉིས་ཀ་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན། བལ་པོ་ཕྱོགས་ཀྱིས་སྟོབས་ཤུགས་གང་ཡང་རུང་བས་བལ་པོའི་མངའ་ཁོངས་སྤྱད་དེ། ཀྲུང་གོའི་བདག་དབང་དང་བདེ་འཇགས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་མཐའ་དག་སྤེལ་དུ་འཇུག་མི་སྲིད་པར་མ་ཟད། ལངས་ཕྱོགས་དེར་གཡོ་འགུལ་གཏན་ནས་མི་གཏོང་ཞེས་བསྟན།

ཚའེ་ཆི་དང་ཏེན་ཞུའེ་ཞང་། ཝང་དབྱི། ཧྲིན་དབྱི་ཆིན་སོགས་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།