ཞི་ཅིན་ཕིང་གིས་ཏིས་ཝུན་ཤར་མའི་ཙུང་ལི་ལ་མཇལ་འཕྲད་གནང་།
2023.09.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ཀྲིག་ཞི་ཧུའུ་རྒྱལ་མགྲོན་ཁང་དུ། ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་ཡོང་བའི་ཏིས་ཝུན་ཤར་མའི་ཙུང་ལི་ཞ་ནཱ་ནཱ་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་པས་ཀྲུང་གོ་དང་ཏིས་ཝུན་ཤར་མའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་རིམ་སྤོར་བྱས་པ་དངོས་སུ་ཁྱབ་སྒྲོག་གནང་།

ཞི་ཅིན་ཕིང་གིས་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་གལ་ཆེན་ཐད་དུས་རྣམ་ཀུན་ཏུ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་རྒྱུ་ནི། ཀྲུང་གོ་དང་ཏིས་ཝུན་ཤར་མའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བའི་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་ཀས་སྲོལ་རྒྱུན་བཟང་བོ་མུ་མཐུད་དར་སྤེལ་གཏོང་བ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས། ཕྱོགས་གཉིས་ཀས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས། ཐོན་ལས་དར་སྤེལ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། འབྲུ་རིགས་རང་སྤེལ། དམངས་ཚིས་ལེགས་བཅོས་བཅས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ཆེན་པོ་བཞི་སྔར་ལས་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཏིས་ཝུན་ཤར་མ་ས་ཁུལ་འཕེལ་རྒྱས་ཀྱི་རྣམ་པའི་ཁྲོད་སིམ་འདྲེས་ལེགས་པོ་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཏིས་ཝུན་ཤར་མ་དང་དང་མཉམ་དུ། ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་སོགས་ལས་སྟེགས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།

ཞ་ནཱ་ནཱ་ཡིས་ཏིས་ཝུན་ཤར་མས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོའི་བར་གྱི་རྨང་གཞིའི་སྒྲིག་ཆས་དང་འབྲུ་རིགས་བདེ་འཇགས། ཐོན་ཁུངས་གསར་སྤེལ། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཡོད་ཅེས་བསྟན།

ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཏིས་ཝུན་ཤར་མ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ཞེས་པ་སྤེལ།

ཚའེ་ཆི་དང་ཏེན་ཞུའེ་ཞང་། ཝང་དབྱི། ཧྲིན་དབྱི་ཆིན་སོགས་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།