ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ཀྲིག་ཞི་ཧུའུ་རྒྱལ་མགྲོན་ཁང་དུ། ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་ཡོང་བའི་ཧན་གོའི་ཙུང་ལི་ཧན་ཏི་ཀྲུའུ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧན་གོའི་བར་འབྲེལ་བ་བཙུགས་པ་ནས་བཟུང་། མཛའ་མཐུན་མཉམ་ལས་ནི་ཀྲུང་གོ་དང་ཧན་གོའི་འབྲེལ་ཐག་ལྟ་བུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧན་གོར་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་སྲིད་ཇུས་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཧན་གོ་ཕྱོགས་ཀྱིས་ཀྲུང་ཧན་མཉམ་ལས་ལ་གཞོལ་རྒྱུའི་དགེ་མཚན་ལྡན་པའི་བསམ་འདུན་ལ་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཧན་གོའི་བར་དཔལ་འབྱོར་འབྲེལ་བ་དམ་ཟབ་ཡོད་པ་དང་། ཕན་ཚུན་བར་ཐོན་ལས་ཕྲེང་འབྲེལ་མཉམ་འདྲེས་གཏིང་ཟབ་བྱུང་ཡོད་པའི་དབང་གིས། རྒྱལ་ཁབ་གཉིས་ཀས་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མུ་མཐུད་དུ་ཕན་ཚུན་བར་གྲུབ་འབྲས་ཐོབ་པར་བྱས་ཆོག ཀྲུང་གོ་དང་ཧན་གོས་ཕྱོགས་མང་རིང་ལུགས་དང་འཛམ་གླིང་རང་མོས་ཉོ་ཚོང་མ་ལག་ལ་སྲུང་སྐྱོབ་བྱེད་དགོས་པའི་འདོད་ཚུལ་འཛིན་གྱིན་ཡོད་པས། འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཆོག་ཆོག་ཡིན་ཞེས་ནན་གྱིས་གསུངས།
ཧན་ཏི་ཀྲུའུ་ཡིས་ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། བདེ་ཐང་དང་གནད་ཁེལ་འཐུས་ཚང་གི་ཧན་ཀྲུང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་འབད་བརྩོན་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་མི་སྣ་འགྲོ་འོང་། རིག་གནས་བརྗེ་རེས་བཅས་ལ་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་སྣོན་འབྱུང་བར་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཡོད་ཅེས་བསྟན།
ཚའེ་ཆི་དང་ཏེན་ཞུའེ་ཞང་། ཝང་དབྱི། ཧྲིན་དབྱི་ཆིན་སོགས་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།