ས་དེའི་དུས་ཚོད་ཟླ9པའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཉིའུ་ཡའོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།
ཧན་ཀྲིན་གྱིས་བསྟན་དོན། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ལ་དམིགས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དང་། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། འཛམ་གླིང་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། འཛམ་གླིང་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་སོགས་གྲོས་འགོ་གལ་ཆེན་བཏོན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་རྒྱུན་སྲིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་འབྱེད་ཁོང་ཡངས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་བསྐྲུན་རྒྱུའི་རེ་འབོད་གནང་ཡོད་ཅིང་། རྒྱལ་ཁབ་སྔར་ལས་མང་བོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པས་བདེ་སྡུག་མཉམ་མྱོང་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་ནི་བགྲོད་ལམ་ཡང་དག་ཡིན་པའི་ངོས་འཛིན་བྱུང་ཡོད། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ནི་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་རེད། ཧན་ཀྲིན་ཀྱིས་གྲོས་འགོ་བཞི་བཏོན་པ་སྟེ། གཅིག་ནས་དྲང་གཞག་དྲང་བདེན་མཐའ་འཁྱོངས་བྱས་ནས་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་བྱ་དགོས། གཉིས་ནས་གཉིས་ཕན་མཉམ་རྒྱལ་མཐའ་འཁྱོངས་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་སྒོ་འབྱེད་ཁོང་ཡངས་མཐའ་འཁྱོངས་བྱས་ནས་དཔལ་ཡོན་ཡར་ཐོན་དོན་གཉེར་བྱེད་དགོས། བཞི་ནས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས།
ཧན་ཀྲིན་གྱིས་ཀྲུང་གོ་ནི་ནམ་ཡང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་མོའི་ཁྲོད་ཀྱི་ཁོངས་མི་ཞིག་ཡིན་པས་བློ་བརྟན་འགྱུར་མེད་ངང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཛམ་གླིང་གི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་རྒྱུ་ཡིན་ཞེས་ནན་གྱིས་བསྟན།
ཟླ9པའི་ཚེས་19ཉིན། ཧན་ཀྲིན་ཀྲུང་གོ་ཕྱོགས་ཀྱིས་གཙོ་གཉེར་བྱས་པའི་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་མཉམ་ལས་གྲུབ་འབྲས་འགྲེམ་སྟོན་གྱི་མཐོ་རིམ་ཚོགས་འདུ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་རྩེ་ཚོགས་ཀྱི་འགོ་ཁྲིད་པའི་གཏམ་བཤད་བརྗེ་རེས་ཚོགས་འདུར་ཞུགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2021ལོར་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་བཏོན་པ་དང་། དེའི་དམིགས་ཡུལ་ནི་སྔར་ལས་ཤུགས་དྲག་དང་ལྗང་མདོག བདེ་ཐང་བཅས་ཀྱི་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད་ཅེས་ནན་བཤད་གནང་ཞིང་། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཕྱོགས་སོ་སོ་དང་མཉམ་དུ་དུས་བཀག་ལྟར་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་དང་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན། ཚོགས་ཞུགས་ཕྱོགས་སོ་སོའི་འཐུས་མིས་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་མཉམ་ལས་ལ་འཕེལ་རྒྱས་གལ་ཆེན་བྱུང་བར་རྟེན་འབྲེལ་ཞུས་པ་དང་། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་ཡིས་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་འགྲིལ་བ་དང་། 2030ལོའི་གྲོས་རིམ་དོན་འཁྱོལ་ལ་རམ་འདེགས་བྱེད་པ་སོགས་ཐད་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་དང་ལེགས་སྐྱེས་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་བར་མ་ཟད། ཀྲུང་གོ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཚེས21ཉིན། ཧན་ཀྲིན་གྱིས་སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥུའུ་ལང་ཞི་སི་དང་མཇལ་འཕྲད་གནང་ནས་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་གྱིས་བསྟན།
ཉིའུ་ཡའོ་རུ་སྡོད་པའི་སྐབས་སུ། ཧན་ཀྲིན་གྱིས་སའེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་། ཕེ་རུའི་ཙུང་ཐུང་པོ་ལུའུ་ཨའར་ཐི། སའེ་ཕུའུ་ལུའུ་སིའི་ཙུང་ཐུང་ཧི་ལི་སི་ཐུའོ་ཙུའུ་ལི་ཅི་སི། སི་ར་ལེ་ཨོང་གི་ཙུང་ཐུང་པིས་ཨའོ་དང་། ཀི་ནེ་ཡའི་ཙུང་ཐུང་ཏུན་པུའུ་ཡ། ཕ་ཁི་སི་ཐན་ལྟ་སྲུང་སྲིད་གཞུང་གི་ཙུང་ལི་ཁ་ཁའར་བཅས་དང་ཐུག་འཕྲད་བྱས། ཕྱི་ཕྱོགས་ཀྱི་འགོ་ཁྲིད་པས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འདུ་ཤེས་ཀྱི་གྲོས་འགོ་གལ་ཆེན་རབ་དང་རིམ་པར་ཚད་མཐོའི་གདེང་འཇོག་གནང་བ་དང་། ཀྲུང་གོ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འཛམ་གླིང་ཧྲིལ་པོའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་ཡོད་ཅེས་གསུངས། ཧན་ཀྲིན་གྱིས་ད་དུང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་དང་། ཙུང་ཐུང་གི་གནམ་གཤིས་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཁི་ལིས་དང་ཐུག་འཕྲད་བྱས་པ་དང་། ཨ་མེ་རི་ཁའི་མཛའ་གྲོགས་ཚོགས་པ་དང་། ཇུས་འདོན་ཚོགས་པའི་འགན་འཁུར་བ། ལས་རིགས་ཁག་གི་མི་སྣ་བཅས་དང་མཉམ་དུ་ཐུག་འཕྲད་བྱས་ཏེ་ཁོ་ཚོ་དང་མཉམ་དུ་ཀྲུང་ཨའི་འབྲེལ་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། དཔལ་འབྱོར་ཚོང་དོན་མཉམ་ལས་སོགས་ཀྱི་ཐད་བརྗེ་རེས་གཏིང་ཟབ་བྱས།
ཤ་བོ་གསེར་མཚོས་བསྒྱུར།