ཟླ་དགུ་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གསུམ་ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྐོར་ཞིག་ཁྲིད་དེ་ཀོས་ཀྲིག་ཞིང་ཆེན་དུ་སོང་ནས་གཞི་གྲངས་ཆེན་མོ་དང་སྐྱེ་ཁམས་སྲུང་སྐྱོབ་གནས་ཚུལ་ལ་སློབ་སྦྱོང་དང་རྟོག་ཞིབ་བྱས། ཀོས་ཀྲིག་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུན་ཁྲིན་དབྱི་དང་ཏང་ཙུའུ་ཁོངས་མི་ཁྲིན་ཅན་སོགས་ཀྱིས་མཉམ་དུ་རྟོག་ཞིབ་བྱས་པ་དང་ཡང་ན་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། ཀོས་ཀྲིག་ཞིང་ཆེན་གྱི་སྲིད་གྲོས་ལས་ཁུངས་ཀྱིས་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཀོས་ཀྲིག་ཞིང་ཆེན་གྱི་གཞི་གྲངས་ཆེན་པོའི་ཐོན་ལས་དང་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་གནས་ཚུལ་ངོ་སྤྲོད་ལ་ཉན་པ་དང་། ཨུ་ཡོན་ཚོས་དོ་སྣང་བྱེད་པའི་གནད་དོན་ཐད་ནས་བརྗེ་རེས་གཏིང་ཟབ་བྱས། མགོན་པོ་བཀྲ་ཤིས་ཀྱིས་གཏམ་བཤད་ཁྲོད་ཀོས་ཀྲིག་ཞིང་ཆེན་གྱིས་ཧ་ཅང་མཐོང་ཆེན་བྱས་པ་དང་སེམས་ཞིབ་མོས་བཀོད་སྒྲིག་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། མཚོ་སྔོན་དང་ཀོས་ཀྲིག་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་རེ་བ་དང་གྲོས་གཞི་བཏོན།
ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོ་ནས་ཚེས་ཉེར་གཉིས་ཉིན་བར། རྟོག་ཞིབ་ཚོགས་པ་རྒྱལ་ཁབ་གཞི་གྲངས་ཆེན་པོའི་ཀོས་ཀྲིག་ཕྱོགས་བསྡུས་ཚོད་ལྟ་ཁུལ་བརྗེ་རེས་མྱོང་ཚོར་ལྟེ་གནས་དང་གཞི་གྲངས་ཆེན་པོའི་བཀོད་གཏོང་སྟེགས་བུ། ཀོས་དབྱང་གྲོང་ཁྱེར་འཁོར་རྒྱུག་དོ་དམ་ལྟེ་གནས། ཀྲུང་གོའི་གློག་འཕྲིན་སྤྲིན་རྩིས་ཀོས་ཀྲིག་ཆ་འཕྲིན་ར་བ། ཧྭ་ཝེ་སྤྲིན་རྩིས་ཀོས་ཨན་གཞི་གྲངས་ལྟེ་གནས། ལིས་པོ་རྫོང་བཅས་ལ་སོང་ནས། ཡུལ་དངོས་ནས་གཞི་གྲངས་ཆེན་པོའི་ཐོན་ལས་དང་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་རྒྱུས་ལོན་གསལ་བོ་བྱས་པ་དང་། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་ལེན་བྱས།
མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲིའི་འདུ་ཤེས་མཐོན་པོ་དང་བརྩེ་སེམས་ཆེན་པོས་སློབ་སྦྱོང་དང་ལྟ་ཞིབ་ཁྲོད་ཞུགས་ལ། སེམས་རྣལ་ལ་ཕབ་ནས་ཉན་པ་དང་ནན་ཏན་སྒོས་འདྲི་ཞིབ་བྱས་ལ། བསམ་བློ་བརྗེ་རེས་བྱས་ནས། མིག་རྒྱ་བསྐྱེད་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱས། ཨུ་ཡོན་ཚོས་ཀོས་ཀྲིག་གིས་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་ཟབ་མོ་བྱེད་པ་དང་། ཐོན་ཁུངས་ཀྱི་དགེ་མཚན་དང་སྐྱེ་ཁམས་ཀྱི་དགེ་མཚན། ས་གཤིས་ཀྱི་དགེ་མཚན་བཅས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་བ། གཞི་གྲངས་ཆེན་པོ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གསེར་གྱི་མིང་བྱང་བསྐྲུན་པ་སོགས་ཀྱི་བྱེད་ཐབས་བཟང་བོ་གྲུབ་པར་བྱེད་པ་བཅས་ལ་གདེང་འཇོག་མཐོན་པོ་བྱས། ཚོགས་ཐོག་ནས་བསྟན་དོན། མཚོ་སྔོན་ཧ་ཅང་གལ་ཆེ་བ་དང་གནད་འགག་གི་འཕེལ་རྒྱས་དུས་སྐབས་སུ་གནས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྕི་ལ། ཕྱོགས་སོ་སོའི་ཐུན་མོང་གི་ལྟ་བ་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུ་དགོས། ཨུ་ཡོན་ཚོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་མི་དམངས་སྲིད་གྲོས་ཀྱི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་དགེ་མཚན་འདོན་སྤེལ་བྱེད་པ་དང་། རིགས་སོ་སོ་དང་ལས་རིགས་སོ་སོས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། གྲོས་མོལ་དམངས་གཙོའི་ལག་ལེན་དང་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་འཁོར་རྒྱུག་བརྒྱུད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་བ་གལ་ཆེན་དང་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་རིགས་སོ་སོ་དང་ལས་རིགས་སོ་སོའི་བསམ་བློའི་ཐུན་མོང་གི་ལྟ་བ་དང་རང་རྟོགས་འགུལ་སྐྱོད་ལ་བསྒྱུར་བ་དང་། བདེན་འཛིན་དངོས་གཉེར་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མཚོན་རྟགས་མངོན་གསལ་དུ་འགྱུར་བར་བྱེད་དགོས། རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་ལག་བསྟར་བྱེད་པ་དང་དམངས་ཀྱི་ཆེད་དུ་འགན་འཁྲི་ལག་བསྟར་བྱེད་པ། རྒྱལ་དོན་གལ་ཆེན་དང་ཞིང་ཆེན་གྱི་དོན་དག་གལ་ཆེན། མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་གནད་དོན་གཞིར་བཟུང་ནས་གྲོས་མོལ་ཇུས་འདོན་བྱེད་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ། སྤུས་ཚད་མཐོ་བའི་འགན་སྒྲུབ་གྲུབ་འབྲས་བརྒྱུད་དེ། ཕྱོགས་སོ་སོའི་མཐོང་ཆེན་དང་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྒྱུས་ལོན་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བ། སྔར་ལས་གལ་ཆེ་གསུམ་གྱི་འཐབ་ཇུས་གོ་གནས་མངོན་པར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རྣམ་པ་བཟང་བོ་བསྐྲུན་རྒྱུའི་འབོད་སྐུལ་བཏང་།
ཝང་ཞོན་དང་གསེར་ཁྲི.ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་བཅས་བྱ་འགུལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།