ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་གཞི་གྲ་སྒྲིག་བྱ་བའི་མཐུན་སྦྱོར་གྲོས་ཚོགས་བསྡུས་ནས། ད་ལོའི་གྲོས་གཞི་བསམ་འཆར་གྱི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། སང་ལོའི་བྱ་བ་བཀོད་སྒྲིག་བྱས། མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་སྐོར་ཞིག་གིས་བྱ་བའི་གྲོས་གཞི་བཏོན།
ཚོགས་ཐོག་ནས་བསྟན་དོན། འཐུས་མིས་གྲོས་གཞི་བསམ་འཆར་འདོན་པ་ནི། དམངས་ཆེན་གྱིས་འགན་དབང་ལག་བསྟར་བྱེད་པའི་རྨང་གཞི་དང་འཐུས་མིས་ནུས་པ་འདོན་སྤེལ་བྱེད་པའི་གཙོ་གནད། གོང་འོག་བརྗེ་རེས་འབྲེལ་འདྲིས་བྱེད་པའི་ཟམ་ཐག ཞིང་ཆེན་གྱི་གནས་ཚུལ་དང་མང་ཚོགས་ཀྱི་འདོད་བློ་མཚོན་པའི་ཐབས་ལམ་བཅས་ཡིན་ལ། རྒྱབ་སྐྱོར་རོགས་སྐྱོར་བརྩོན་ལེན་བྱེད་པ་དང་རང་ཞིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཡང་ཡིན་པས། ད་ལོར་རང་ཞིང་གི་འཐུས་ཚབ་ཚོགས་པས་སྤྲད་པའི་གྲོས་གཞི་བསམ་འཆར་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་འཚམ་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དང་མཐུན་ལ། ཞིང་ཆེན་གྱི་གནས་ཚུལ་དངོས་དང་མི་དམངས་ཀྱི་རེ་སྒུག་དང་མཐུན་པ་དང་། གྲངས་ཚད་དང་སྤུས་ཚད་གཉིས་མཐོར་འདེགས་གཏོང་བ་མངོན་འགྱུར་བྱུང་ལ། རང་ཞིང་གི་འབུར་ཐོན་གནད་དོན་ཁ་ཤས་ཐག་གཅོད་པའི་ཐད་ནས་ཤུགས་དང་ལྡན་པའི་སྐུལ་འདེད་ནུས་པ་ཐོན་ཡོད།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བསམ་བློའི་ངོས་ཟིན་སྔར་ལས་ཇེ་མཐོར་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་གཞི་འཛིན་ས་རུ་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཤུགས་འདོན་ས་རུ་བྱེད་པ། ཞིང་ཆེན་གྱི་གནས་ཚུལ་དངོས་རྐང་འཛུགས་ས་རུ་བྱེད་པ། མང་ཚོགས་ཀྱི་རེ་འདུན་རྐང་འཛུགས་ས་རུ་བྱེད་པ། ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་སྦྲེལ་མཐུད་མཉམ་བསྲེས་ལ་མཐོང་ཆེན་བྱེད་པ། གོ་སྐབས་དམ་འཛིན་བྱས་ཏེ། རྒྱལ་དོན་གལ་ཆེན་དང་ཞིང་ཆེན་གྱི་བྱ་བ་གལ་ཆེན། མང་ཚོགས་ཀྱི་རེ་བ་བཅས་ལ་དམ་དུ་དམིགས་ནས་བློ་གྲོས་དང་སྲིད་ཇུས་འབུལ་དགོས། སྤུས་ཚད་མཐོ་བའི་ངང་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ་དང་། མཉམ་ལས་ལ་ཤུགས་སྣོན་པ་དང་འགན་དབང་དབྱེ་བ་གསལ་བོར་འབྱེད་པ། དུས་བཀག་ལ་དོ་སྣང་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས། གཙོ་གནད་ལས་གཞི་བཅས་གཙིགས་སུ་བཟུང་ནས། ནང་དོན་སྔར་ལས་གནད་ལ་ཕིགས་པ་དང་ཞིབ་གླེང་སྔར་ལས་གསལ་བ། བྱེད་ཐབས་གཙོ་བོའི་ཐད་ནས་ལག་བསྟར་རང་བཞིན་ལྡན། འཐུས་མིས་གནས་ཚུལ་ཤེས་པ་དང་སྲིད་ཇུས་ལ་རྒྱུས་ལོན་བྱེད་པར་འགན་སྲུང་གང་ལེགས་བྱེད་པ་དང་། འཐུས་མིས་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱེད་ཆེད་དགོས་ངེས་ཀྱི་ཆ་རྐྱེན་འདོན་སྤྲོད་བྱེད་པ། གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་པ། སྤུས་ཚད་མཐོ་བའི་གྲོས་གཞི་ལ་བརྟེན་ནས་དམངས་ཀྱི་འདོད་བློ་སྐོང་ཐུབ་པར་བྱས་ནས། ཏང་དང་མི་དམངས་ཀྱི་མངགས་བཅོལ་སྟོང་ཟད་དུ་གཏོང་མི་རུང་།
རིན་ཆེན་མཚོས་བསྒྱུར།