རྒྱལ་སྤྱིའི་ཏའོ་ཅའོ་ཆོས་ལུགས་གླེང་སྟེགས་སྐབས་ལྔ་པ་ཀྲུང་གོའི་མའོ་ཧྲན་ནས་སྤེལ་མགོ་བརྩམས་པ་དང་ཝང་ཧུའུ་ཉིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2023.09.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

རྒྱལ་སྤྱིའི་ཏའོ་ཅའོ་ཆོས་ལུགས་གླེང་སྟེགས་སྐབས་ལྔ་པ་ཟླ་དགུ་པའི་ཚེས་ཉེར་བཞི་ཉིན་ཀྲུང་གོའི་མའོ་ཧྲན་ནས་སྤེལ་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཡོང་ནས། གླེང་སྟེགས་སྤེལ་བ་དང་འཛམ་གླིང་ཏའོ་ཅའོ་ཆོས་ལུགས་མཉམ་འབྲེལ་ཚོགས་པ་བཙུགས་པར་རྟེན་འབྲེལ་ཞུས་པར་མ་ཟད། གླེང་སྟེགས་དང་འཛམ་གླིང་ཏའོ་ཅའོ་ཆོས་ལུགས་མཉམ་འབྲེལ་ཚོགས་པ་འཛུགས་པའི་ཚོགས་ཆེན་ལ་ཞུགས་པའི་སྐུ་མགྲོན་རྣམས་ལ་འཚམས་འདྲི་མཛད།

ཝང་ཧུའུ་ཉིང་གིས་བསྟན་དོན། ཏའོ་ཅའོ་ཆོས་ལུགས་ནི་གནའ་བོའི་ཆོས་ལུགས་ཤིག་ཡིན་པར་མ་ཟད་དེང་རབས་ཀྱི་ཆོས་ལུགས་ཤིག་ཀྱང་ཡིན། ཏའོ་ཅའོ་ཆོས་ལུགས་དེ་ཀྲུང་ཧྭ་རིག་གནས་ཀྱི་གཤིན་སའི་སྟེང་རྐང་ཚུགས་ཡོད་ཅིང་། ཕུན་སུམ་ཚོགས་པའི་མི་གཞུང་དགོངས་པ་འདུས་ནས་གནའ་བོའི་ཤར་ཕྱོགས་ཀྱི་བློ་གྲོས་སུ་གྲུབ་ཡོད། དེའི་གཏན་ཚིགས་དགོངས་པ་དང་། ཀུན་སྤྱོད་འཚོལ་སྙེག རིན་ཐང་འདུ་ཤེས། སྐྱེ་ཁམས་བློ་གྲོས་སོགས་དུས་ཡུན་རིང་བོར་རྟག་པར་གནས་ནས་འཕེལ་རྒྱས་གསར་བ་བྱུང་ཡོད། སྐབས་འདིའི་གླེང་སྟེགས་ཀྱིས་ཀུན་སྤྱོད་བཟང་བོ་བླ་རུ་བཀུར་བ་དང་འཛམ་གླིང་ཧྲིལ་བོ་མཉམ་དུ་བསྐྱོད་པ་བརྗོད་སྙིང་དུ་བཟུང་ཡོད་ལ། དེ་ལས་མིའི་རིགས་ཀྱི་དཔལ་ཡོན་གྲུབ་འབྲས་མཉམ་སྤྱོད་དང་མིའི་རིགས་ཀྱི་མཛེས་སྡུག་གི་ཁྱིམ་གཞིས་མཉམ་འཛུགས་བྱེད་པའི་རེ་འདུན་མངོན་པར་མཚོན་ཡོད།

ཝང་ཧུའུ་ཉིང་གིས་བསྟན་དོན། སྐབས་འདིའི་གླེང་སྟེགས་ནས་འཛམ་གླིང་ཏའོ་ཅའོ་ཆོས་ལུགས་མཉམ་འབྲེལ་ཚོགས་པ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དེ་ནི་རྒྱལ་སྤྱིའི་ཏའོ་ཅའོ་ཆོས་ལུགས་ཀྱི་ཐུན་མོང་གི་རེ་འདུན་ཡིན་ལ། ཏའོ་ཅའོ་ཆོས་ལུགས་རིག་གནས་ཀྱི་དུས་རབས་རིན་ཐང་སྔོག་འདོན་བྱེད་པར་སྟེགས་བུ་གསར་བ་ཞིག་བསྐྲུན་ཡོད་པ་དང་། དེས་མིའི་རིགས་ཀྱི་དཔལ་ཡོན་བརྗེ་རེས་དཔེར་ལེན་ལ་སྐུལ་འདེད་བཏང་སྟེ། དུས་རབས་ཀྱི་དཀའ་ཁག་སེལ་བ་དང་མིའི་རིགས་ཀྱི་ཐུན་མོང་གི་ཕན་བདེ་ཇེ་དྲག་ཏུ་གཏོང་བའི་ཐད་ཏའོ་ཅའོ་ཆོས་ལུགས་ཀྱི་བློ་གྲོས་འབུལ་ངེས་རེད།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འགོ་ལག་བསྟར་གང་ལེགས་བྱེད་བཞིན་ཡོད་ཅིང་། སྔར་བཞིན་དུ་ཀྲུང་གོའི་ཏའོ་ཅའོ་ཆོས་ལུགས་ལས་རིགས་དང་ཕྱི་རྒྱལ་གྱི་ཏའོ་ཅའོ་ཆོས་ལུགས་ལས་རིགས་ཀྱིས་མཛའ་མཐུན་འབྲེལ་འདྲིས་ཟབ་མོ་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ལག་རྡང་སྦྲེལ་ཞིང་དཔུང་བ་མཉམ་གཤིབ་ཀྱིས་ཀུན་སྤྱོད་བཟང་བོ་ཆགས་པར་བྱས་ཏེ། འཛམ་གླིང་གི་ཡུན་རིང་ཞི་བདེ་དང་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐེ་ཧྥུན་གྱིས་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོ་དང་འཛམ་གླིང་ཏའོ་ཅའོ་ཆོས་ལུགས་མཉམ་འབྲེལ་ཚོགས་པ་འཛུགས་པའི་ཚོགས་ཆེན་སྟེང་སོ་སོར་ཞུ་ཚིག་ཕུལ། ཁོས་བསྟན་དོན། གླེང་སྟེགས་སྤེལ་བ་དེ་ཀྲུང་ཕྱིའི་ཏའོ་ཅའོ་ཆོས་ལུགས་ཀྱི་མཛའ་མཐུན་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭའི་དཔལ་ཡོན་དང་འཛམ་གླིང་གི་དཔལ་ཡོན་མི་འདྲ་བའི་བར་གྱི་བརྗེ་རེས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། འཛམ་གླིང་ཏའོ་ཅའོ་ཆོས་ལུགས་མཉམ་འབྲེལ་ཚོགས་པས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་བའི་རེ་བ་ཡོད་ཟེར།

སྐབས་འདིའི་གླེང་སྟེགས་ནི་ཀྲུང་གོའི་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་དང་ཀྲུང་ཧྭ་ཆོས་ལུགས་རིག་གནས་བརྗེ་རེས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཞང་ཀང་ཏའོ་ཅའོ་ཆོས་ལུགས་མཉམ་འབྲེལ་ཚོགས་པ་དང་། ཨོ་མིན་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས། ཐེ་ཝན་ཀྲུང་ཧྭ་ཏའོ་ཅའོ་ཆོས་ལུགས་སྤྱི་ཁྱབ་ཚོགས་པ་བཅས་ཀྱིས་རོགས་སྒྲུབ་བྱས་པ་ཡིན་ལ། བརྗོད་སྙིང་ནི་ཀུན་སྤྱོད་བཟང་བོ་བླ་རུ་བཀུར་བ་དང་འཛམ་གླིང་ཧྲིལ་བོ་མཉམ་དུ་བསྐྱོད་པ་དེ་ཡིན།

གླེང་སྟེགས་སྐབས་སུ་འཛམ་གླིང་ཏའོ་ཅའོ་ཆོས་ལུགས་མཉམ་འབྲེལ་ཚོགས་པ་འཛུགས་པའི་ཚོགས་ཆེན་བསྡུས་ཏེ། འཛམ་གླིང་ཏའོ་ཅའོ་ཆོས་ལུགས་མཉམ་འབྲེལ་ཚོགས་པའི་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་བདམས་ཐོན་བྱུང་བ་དང་། ཀྲུང་གོའི་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་ལིས་ཀོང་ཧྥུའུ་ལས་འཛིན་དཔོན་པོར་བསྐོ་འཇོག་བྱས་ཡོད། འཛམ་གླིང་ཏའོ་ཅའོ་ཆོས་ལུགས་མཉམ་འབྲེལ་ཚོགས་པ་དེ་ཀྲུང་གོའི་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱིས་གྲོས་འདོན་བྱས་ཏེ་སྤེལ་བ་ཡིན་ལ། རྒྱལ་ཁབ་སོ་སོའི་ཏའོ་ཅའོ་ཆོས་ལུགས་ཚོགས་ཁག་དང་ཏའོ་ཅའོ་ཆོས་ལུགས་ཀྱི་འབྲེལ་ཡོད་ལས་ཁུངས། ཏའོ་ཅའོ་ཆོས་ལུགས་ལ་དད་མོས་ཡོད་པ་དང་ཏའོ་ཅའོ་ཆོས་ལུགས་རིག་གནས་ལ་དགའ་ཞེན་ཡོད་པའི་མིང་གྲགས་མི་སྣ་དག་གིས་རང་འགུལ་གྱིས་གྲུབ་པའི་རྒྱལ་སྤྱིའི་རང་བཞིན་དང་ཆེད་ལས་རང་བཞིན། ཁེ་སྤོགས་མེད་པའི་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཤིག་ཡིན་ལ། མིག་སྔར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་ཉི་ཤུ་ལྷག་ནས་ཡོང་བའི་སྲོལ་འབྱེད་ལས་ཁུངས་ཀྱི་ཁོངས་མི་ང་གཉིས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།