པཱ་ཞིའི་སྲིད་གཞུང་དང་ངལ་རྩོལ་བཟོ་བའི་ཏང་གིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཉིས་ཉིན་བར་པཱ་ཞི་རུ་དངོས་གཞིའི་མཛའ་མཐུན་མཚམས་འདྲི་མཛད།
པཱ་ཞིའི་ཙུང་ཐུང་ལུའུ་ལཱ་དང་གྲོས་མོལ་བྱེད་སྐབས་ལིས་ཞི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྙིང་ཉེ་བའི་འཚམས་འདྲི་མཛད་པ་བརྒྱུད་སྒྲོག་བྱས། ལིས་ཞི་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་པཱ་ཞིའི་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་ལོ་ཡིན་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ལུའུ་ལཱ་དང་གྲོས་མོལ་ཐེངས་མང་མཛད་དེ། མཉམ་དུ་དུས་རབས་གསར་བའི་ཀྲུང་གོ་དང་པཱ་ཞིའི་འབྲེལ་བའི་མ་འོངས་པ་གསར་འབྱེད་དང་དེར་སྣེ་ཁྲིད་མཛད་ཡོད། སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་ལོ་ཡིན་པ་དང་། ང་ཚོས་སྔར་སོང་རྗེས་མཐུད་དང་མ་འོངས་གསར་གཏོད་བྱས་ཏེ་མུ་མཐུད་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་རྒྱབ་སྐྱོར་བྱེད་པ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། གསེར་གྱོམ་རྒྱལ་ཁབ་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཀྱི་རྐྱེན་སྲོལ་འོག་རོགས་ལས་དམ་ཟབ་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་ངལ་རྩོལ་བཟོ་བའི་ཏང་བར་གྱི་བརྗེ་རེས་དང་སློབ་སྦྱོང་ལ་ཤུགས་བསྣན་ནས། ཀྲུང་གོ་དང་པཱ་ཞིའི་འབྲེལ་བའི་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ལུའུ་ལཱ་ཡིས་ལིས་ཞི་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྨོན་འདུན་བཟང་བོ་ཞུས་པ་པར་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྙིང་ཉེ་བའི་འབྲེལ་འདྲིས་བྱས་པར་ཕྱིར་དྲན་བྱས། ལུའུ་ལཱ་ཡིས་བསྟན་དོན། པཱ་ཞི་དང་ཀྲུང་གོའི་མཉམ་ལས་ལ་ཕན་འབྲས་བཟང་བོ་ཐོབ་ཡོད། པཱ་ཞི་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་མང་བོའི་རྐྱེན་སྲོལ་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད། ང་རང་ཡོད་སའི་པཱ་ཞིའི་ངལ་རྩོལ་ཏང་དང་ཀྲུང་གོའི་གུང་ཁྲན་ཏང་བར་འགྲོ་འོང་ཟབ་མོ་སྲུང་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བར་ནུས་པ་གལ་ཆེན་འདོན་འདོད་ཡོད་ཟེར།
ཙུང་ཐུང་གཞོན་པ་ཨ་ཨར་ཁི་མེན་ལ་མཇལ་འཕྲད་གནང་སྐབས་ལིས་ཞི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་པཱ་ཞིའི་བར་གྱི་སྲིད་གཞུང་བར་གྱི་མཐོ་རིམ་མཐུན་སྦྱོར་དང་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་རྐྱེན་སྲོལ་གྱི་ནུས་པ་བེད་སྤྱོད་གང་ལེགས་བྱེད་པ་དང་། ཉོ་ཚོང་དངུལ་གཏོང་དང་ནུས་ཁུངས་ཐོན་ཁུངས། མི་གཞུང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད། ཨ་ཨར་ཁི་མེན་གྱིས་བསྟན་དོན། ཀྲུང་གོའི་ཁེ་ལས་དག་གིས་པཱ་ཞིའི་དངུལ་གཏོང་ལས་སྤེལ་རྒྱ་བསྐྱེད་པར་དགའ་བསུ་ཞུ་བཞིན་ཡོད་པ་དང་། པཱ་ཞི་ཕྱོགས་ཀྱིས་སྲིད་གཞུང་བར་གྱི་མཐོ་རིམ་མཐུན་སྦྱོར་དང་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་རྐྱེན་སྲོལ་སོགས་ལ་བརྟེན་ནས། པཱ་ཞི་དང་ཀྲུང་གོའི་མཉམ་ལས་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
གྲོས་དཔོན་ཕཱ་ཞེ་ཁི་ལ་མཇལ་འཕྲད་གནང་སྐབས་ལིས་ཞི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་པཱ་ཞིའི་ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་པཱ་ཞིའི་མཉམ་ལས་ལ་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ནས། ཀྲུང་གོ་དང་པཱ་ཞིའི་འབྲེལ་བའི་དམངས་ཀྱི་འདོད་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་འདོད་ཡོད་ཅེས་གསུངས། ཕཱ་ཞེ་ཁི་ཡིས་བསྟན་དོན། པཱ་ཞི་ཕྱོགས་ཀྱིས་ཀྲུང་གོའི་ལོ་རྒྱུས་རིག་གནས་སྲོལ་རྒྱུན་དང་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་ལ་གུས་འདུད་ཞུ་བཞིན་ཡོད་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་བརྒྱའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་ཡོད་ལ། ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་འདོད་ཡོད་ཟེར།
ངལ་རྩོལ་ཏང་གི་ཀྲུའུ་ཞི་ཧའོ་ཧྥུའུ་མན་ལ་མཇལ་འཕྲད་གནང་སྐབས་ལིས་ཞི་ཡིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་གིས་ངལ་རྩོལ་བཟོ་བའི་ཏང་དང་མཉམ་དུ་སང་ལོར་ཏང་ཁག་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བ་གོ་སྐབས་སུ་བྱས་ཤིང་། འགྲོ་འོང་ལ་ཤུགས་སྣོན་པ་དང་། གསེར་གྱོམ་རྒྱལ་ཁབ་ཀྱི་སྲིད་འཛིན་ཏང་ཁག་བར་གྱི་བརྗེ་རེས་རྐྱེན་སྲོལ་སོགས་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས། ཧའོ་ཧྥུའུ་མན་གྱིས་བསྟན་དོན། ཉིན་རེ་བཞིན་སྣ་མང་ཅན་དུ་འགྱུར་བའི་རྒྱལ་སྤྱིའི་ཁོར་ཡུག་ཁྲོད། ཏང་ཁག་གཉིས་ཀྱི་ཕྱོགས་མང་རོགས་ལས་ལ་ཤུགས་སྣོན་པར་སྔར་ལས་འཐབ་ཇུས་དོན་སྙིང་ལྡན། ཕྱོགས་གཉིས་མཉམ་དུ་ཀྲུང་གོའི་གུང་ཁྲན་ཏང་དང་པཱ་ཞིའི་ངལ་རྩོལ་ཏང་གི་བརྗེ་རེས་དང་མཉམ་ལས་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས།
འཚམས་འདྲི་མཛད་སྐབས་ལིས་ཞི་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་བློ་བརྟན་འགྱུར་མེད་ཀྱིས་སྲོལ་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་། ཏང་རང་སྟེང་གི་བཅོས་བསྒྱུར་གྱིས་རླབས་ཆེ་བའི་སྤྱི་ཚོགས་ཀྱི་བཅོས་བསྒྱུར་ལ་སྣེ་ཁྲིད་བྱེད་རྒྱུའི་ཚུལ་བསྟན་པར་པཱ་ཞི་ཕྱོགས་ཀྱིས་གདེང་འཇོག་ཆེན་པོ་བྱས།
ལིས་ཞི་ཡིས་ད་རུང་ལི་ཡའོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཕཱ་ཨེ་སི་དང་ལི་ཡའོ་མངའ་སྡེའི་མགོ་བ་ཁཱ་སི་ཐི་ལོ་ལ་མཇལ་འཕྲད་གནངས།
བསོད་ནམས་ཚེ་རིང་གིས་བསྒྱུར།