ཟླ་དགུ་པའི་ཚེས་ཉེར་ལྔ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་སོ་སོར། སི་རི་ཡའི་ཙུང་ཐུང་པཱ་ཧྲའར་དང་ནེ་པ་ལའི་ཙུང་ལི་ཕུའུ་ལཱ་ཁྲང་ཏ་ལ་མཇལ་འཕྲད་གནང།
ཀྲའོ་ལི་ཅི་ཡིས་པ་ཧྲའར་དང་མཇལ་འཕྲད་གནང་སྐབས། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། རྒྱལ་ཁབ་གཉིས་ཀའི་འཐབ་ཇུས་རོགས་རེས་འབྲེལ་བར་འཕེལ་རྒྱས་གསར་པ་སྔར་ལས་གང་མང་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས། ཀྲའོ་ལི་ཅི་ཡིས་ཀྲུང་གོ་ཕྱོགས་ཀྱི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་སྐོར་གྱི་འདུ་ཤེས་ངོ་སྤྲོད་གནང་ནས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་སི་རི་ཡའི་མི་དམངས་གྲོས་ཚོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས།
པཱ་ཧྲའར་གྱིས་ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་དྲང་བདེན་སྟོབས་ཤུགས་མངོན་སུམ་ཆེ་རུ་འཕེལ་བ་ལས་བྱུང་བ་ཞིག་ཡིན་པས། ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་དྲང་བདེན། ཡར་རྒྱས་བཅས་ཀྱི་ཆེད་དུ་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུའི་རེ་ལྟོས་ཆེ། ཕྱོགས་གཉིས་ཀས་ཕན་ཚུན་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཀྲའོ་ལི་ཅི་ཡིས་ཕུའུ་ལཱ་ཁྲང་ཏར་མཇལ་འཕྲད་གནང་སྐབས། ཀྲུང་གོ་དང་ནེ་པ་ལ་ནི་རི་ཆུ་འདབས་འབྲེལ་གྱི་ཁྱིམ་མཚེས་བཟང་པོ་དང་། མཉམ་ལས་གཉིས་ཕན་གྱི་ཟླ་གྲོགས་བཟང་པོ། སོ་སྲུང་རོགས་རེས་ཀྱི་གྲོགས་པོ་བཟང་པོ་བཅས་ཡིན། ཕྱོགས་གཉིས་ཀས་འཐབ་ཇུས་ངོས་ཀྱི་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། སྲོལ་རྒྱུན་གྱི་མཛའ་མཐུན་དར་སྤེལ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་པ། ཕྱོགས་གཉིས་ཀའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་ཅིང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས།
ཕུའུ་ལཱ་ཁྲང་ཏ་ཡིས་ནེ་པ་ལ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ནེ་པ་ལས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཕྱོགས་གཉིས་ཀའི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀས་འཕེལ་རྒྱས་དང་དར་རྒྱས་ལ་ཁ་ཕྱོགས་པའི། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
བློ་བཟང་རྒྱལ་མཚན་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།