ཟླ་དགུ་པའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། མ་ལེ་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ཙོ་ཧ་ལིས་དང་མཉམ་དུ་གྲོས་མོལ་གནང་།
ཀྲའོ་ལི་ཅི་ཡིས་ད་ལོའི་ཟླ་གསུམ་པའི་ནང་དུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ཨན་ཝར་རྣམ་གཉིས་ཀྱི་བར་དུ། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ལ་འཆར་གཞི་བཀོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་གང་མགྱོགས་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཀྲའོ་ལི་ཅི་ཡིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་མ་ལེ་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མ་དང་མཉམ་དུ། མཛའ་མཐུན་འགྲོ་འོང་གི་སྲོལ་རྒྱུན་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་འཛུགས་སྒྲིག་གཞིའི་རིམ་པ་སོ་སོའི་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ། ཁྲིམས་སྐྱོང་འཛུགས་སྐྲུན་སོགས་ཐད་ཀྱི་ཉམས་མྱོང་མཉམ་སྤྱོད་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱེད་རྒྱུ་དང་། རྒྱལ་ཁབ་སོ་སོའི་གྲོས་ཚོགས་མནའ་འབྲེལ་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་གཞོགས་འདེགས་ཡག་པོ་བྱེད་འདོད་ཡོད་ཅེས་གསུངས།
ཙོ་ཧ་ལིས་ཀྱིས་མ་ལེ་ཞི་ཡས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོར་རྒྱབ་སྐྱོར་གང་ལེགས་བྱས་ནས། ཕྱོགས་གཉིས་ཀས་དཔལ་འབྱོར་ཉོ་ཚོང་དང་ཞིང་ལས། ལས་རིགས་སློབ་གསོ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅིང་། མ་ལེ་ཞི་ཡའི་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་གཏིང་ཟབ་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད། ཁྲིམས་འཛུགས་སྒྲིག་གཞིའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་བསྟན།
ཝང་ཏུང་མེན་གྲོས་མོལ་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།