ཚེས་ཉེར་ལྔ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་ལ་མཇལ་འཕྲད་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས་ཉེར་ལྔ་ཉིན་པེ་ཅིང་ནས་ཀྲུང་གོར་འཚམས་འདྲིར་ཡོང་ནས་ཧང་ཀྲིག་གི་ཨེ་ཤ་ཡཱའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པའི་སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་སི་རི་ཡཱ་ནི་དཀའ་སྡུག་མཉམ་མྱོང་གི་བློས་ཐུབ་གྲོགས་པོ་ཡིན་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་ཧང་ཀྲིག་ནས་གྲོས་མོལ་མཛད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཇུས་གཞི་གསར་བ་འཐེན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སི་རི་ཡཱའི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་དངོས་འབེབས་བཟང་བོ་བྱས་ཏེ། ཕྱོགས་གཉིས་ཀྱི་མཉམ་ལས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སི་རི་ཡཱའི་ཕྱོགས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ལ་ཞུགས་ཏེ། མུ་མཐུད་དུ་སི་རི་ཡཱ་ཡིས་བསྐྱར་འཛུགས་དང་འཕེལ་རྒྱས་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། སི་རི་ཡཱའི་བར་གྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་རྒྱ་བསྐྱེད་པ་དང་། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་བྱེད་པ། མཐུན་སྒྲིལ་མཉམ་ལས་བྱས་ནས་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་དང་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས།
པཱ་ཧྲ་ཨར་གྱིས་ཀྲུང་གོས་ཧང་ཀྲིག་ཨེ་ཤ་ཡཱའི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོ་བདེ་བླག་ངང་སྤེལ་བར་རྟེན་འབྲེལ་ཞུས་པ་དང་། སི་རི་ཡཱའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་རང་གི་ང་རྒྱལ་དུ་རློམ་ཡོད་ཅིང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་གྲོས་འདོན་དང་འཛམ་གླིང་ཡོངས་ཀྱི་གྲོས་འདོན་ཆེན་མོ་གསུམ་དངོས་འབེབས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།