ཟླ་དགུ་པའི་ཚེས་ཉེར་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འགྲིམ་འགྲུལ་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
ཞི་ཅིན་ཕིང་གིས་བདེ་འཇགས་དང་སྟབས་བདེ། ཕན་འབྲས་ཆེ་བ། ལྷད་མེད། དཔལ་འབྱོར། དཀྱེལ་ཡངས། རྒྱུན་སྲིང་བཅས་ཀྱི་རྒྱུན་མཐུད་འགྲིམ་འགྲུལ་མ་ལག་བསྐྲུན་རྒྱུ་ནི། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱེད་པ་དང་།“མིས་རང་དགར་ལོངས་སྤྱོད་ཐུབ་པ་དང་དངོས་པོ་གེགས་མེད་ཤར་གཏོང་ཐུབ་པའི”མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཀྲུང་གོས་འགྲིམ་འགྲུལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་བཞིན་ཡོད་པས། འཛམ་གླིང་དང་འབྲེལ་འདྲིས་བྱེད་པ་དང་དུས་རབས་དང་འབྲེལ་མཐུད་བྱ་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། གོ་ལ་ཧྲིལ་པོའི་འགྲིམ་འགྲུལ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་རྩེ་གཅིག་ཏུ་གཞོལ་ནས། རང་ཉིད་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན་བྱེད་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་སོ་སོ་དང་མཉམ་དུ། མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་བཟུང་ནས། རྒྱུན་མཐུད་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འགོ་དོན་འཁྱོལ་བྱེད་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།