ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནེ་པཱ་ལཱའི་ཙུང་ལི་ཕུའུ་ལཱ་ཁྲང་ཏཱ་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་བྱས་གོང་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ནས་ཕུའུ་ལཱ་ཁྲང་ཏཱ་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་རྣམ་པ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་དགུ་པའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནེ་པཱ་ལཱའི་ཙུང་ལི་ཕུའུ་ལཱ་ཁྲང་ཏཱ་དང་གྲོས་མོལ་མཛད།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ནེ་པཱ་ལཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་ཙམ་འགོར་བའི་རིང་ལ། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གསར་བ་བླངས་ཡོད་ལ། རྒྱལ་ཁབ་ཕན་ཚུན་བར་འདྲ་མཉམ་མཉམ་གནས་དང་མཉམ་ལས་མཉམ་རྒྱལ་བྱེད་པའི་མིག་དཔེ་ལྟ་བུར་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ལི་གཉིས་ཀྱིས་ཧང་ཀྲིག་ནས་གྲོས་མོལ་མཛད་དེ། ཀྲུང་གོ་དང་ནེ་པཱ་ལཱའི་འབྲེལ་བའི་འཕེལ་རྒྱས་ཐད་སྔར་ལས་ལྷག་པའི་འཆར་འགོད་དང་བཀོད་སྒྲིག་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེ་པཱ་ལཱའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་གང་ལེགས་བྱེད་པ་དང་། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བྱེད་པ། དངོས་གཉེར་མཉམ་ལས་སྲ་བརྟན་དང་རྒྱ་བསྐྱེད་བྱས་ནས། ཀྲུང་གོ་དང་ནེ་པཱ་ལཱའི་འབྲེལ་བ་དེ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ལིས་ཆང་གིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་སྔར་བཞིན་དུ་ནེ་པཱ་ལཱའི་ཕྱོགས་ཀྱིས་རྒྱལ་ཁབ་སྒེར་ཚུགས་དང་བདག་དབང་། མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་སྙིང་བོར་བཟུང་སྟེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་ནེ་པཱ་ལཱའི་ཕྱོགས་དང་མཉམ་དུ་མཐའ་མཚམས་རྒྱུ་ལམ་དང་གཞུང་ལམ། ལྕགས་ལམ། མཁའ་འགྲུལ་སོགས་ཀྱི་གཅིག་འབྲེལ་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཀྲུང་གོ་དང་ནེ་པཱ་ལཱའི་ཧི་མ་ལ་ཡ་བརྒལ་བའི་ལངས་གཟུགས་ཅན་གྱི་མཉམ་འབྲེལ་གཅིག་སྦྲེལ་གྱི་འགྲུལ་བཞུད་དྲ་བའི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སྔར་ལས་མང་བའི་ནེ་པཱ་ལཱའི་སྤུས་ལེགས་ཞིང་ཞོར་ཐོན་རྫས་ནང་འདྲེན་བྱེད་པ་དང་། ཀྲུང་གོའི་ཁེ་ལས་དག་ནེ་པཱ་ལཱའི་ཐོན་ནུས་དང་ཞིང་ལས། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་གསར་སྤེལ་དང་འཛུགས་སྐྲུན་ནང་ཞུགས་པར་སྐུལ་མ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་གཞུང་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱས་ནས་དམངས་སེམས་གཅིག་ཏུ་སྦྲེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཕུའུ་ལཱ་ཁྲང་ཏཱ་ཡིས་ཀྲུང་གོས་ཧང་ཀྲིག་ཨེ་ཤ་ཡཱའི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོ་བདེ་བླག་ངང་སྤེལ་བར་རྟེན་འབྲེལ་ཞུས། ཕུའུ་ལཱ་ཁྲང་ཏཱ་ཡིས་བསྟན་དོན། ནེ་པཱ་ལཱའི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་ལ། སྟོབས་ཤུགས་གང་རུང་གིས་ནེ་པཱ་ལཱའི་མངའ་ཁོངས་བེད་སྤྱད་དེ་ཀྲུང་གོར་རྒོལ་བའི་བྱ་འགུལ་སྤེལ་མི་ཆོག ནེ་པཱ་ལཱའི་ཕྱོགས་ཀྱིས་ཀྲུང་གོས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འདོན་ལ་རྒྱབ་སྐྱོར་བྱེད་ཅིང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་རྨང་གཞིའི་སྒྲིག་ཆས་ཀྱི་གཅིག་འབྲེལ་གཅིག་བརྟེན་དང་། དཔལ་འབྱོར་ཉོ་ཚོང་། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ལག་རྡང་སྦྲེལ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ། སྔར་ལས་དྲང་བདེན་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་ཞིང་ལས། ཚན་རྩལ། རིག་གནས། གྲངས་ལྡན་དཔལ་འབྱོར། ལྷད་མེད་ཐཱན་ཉུང་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་སྣ་བཅུ་བཀོད་པར་བདེན་དཔང་བྱས།
གྲོས་མོལ་མ་བྱས་གོང་། ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ནས་ཕུའུ་ལཱ་ཁྲང་ཏཱ་ལ་དགའ་བསུའི་མཛད་སྒོ་སྤེལ།
བསོད་ནམས་ཚེ་རིང་གིས་བསྒྱུར།