ཟླ་དགུ་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་སྲུང་སྐྱོབ་འགུལ་སྐྱོད་ཀྱི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་མཚོ་སྔོན་པོའི་གླང་ཆེན་མཆེ་བའི་གྲོས་ཚོགས་ལྟེ་གནས་ནས་བསྡུས་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་དང་མཚོ་བཀག་ཉ་གསོའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ལས་འགན་གཙོ་བོར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ལིས་ཧུང་ཡ་ཡིས་མཚོ་སྔོན་པོའི་གསེར་ཉ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་གཏོང་བའི་ཐད་བྱེ་བྲག་གི་བླང་བྱ་བཏོན།
གྲོས་ཚོགས་ནས་བསྟན་དོན། མཚོ་སྔོན་པོའི་གསེར་ཉ་ནི་མཚོ་སྔོན་པོའི་སྐྱེ་ཁམས་སྦྲེལ་ཐག་ཁྲོད་ཀྱི་དངོས་རིགས་གལ་ཆེན་ཞིག་ཡིན་པ་དང་། རང་ཞིང་ཁོ་ནར་ཡོད་པའི་དངོས་པོའི་ཐོན་ཁུངས་རྩ་ཆེན་ཞིག་ཡིན་པས། གསེར་ཉའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པ། ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བ། གསེར་ཉའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན། དཀའ་སྡུག་རང་བཞིན་བཅས་ལ་ངོས་འཛིན་ཟབ་མོ་བྱེད་པ། བྱ་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ་གསེར་ཉའི་ཐོན་ཁུངས་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ལས་འགན་གཙོ་བོ་དང་ཁྱབ་ཁོངས་གཙོ་བོ། གནད་འགག་དུས་རིམ་ལ་དམ་དུ་དམིགས་ནས་ཆེད་དོན་རྡུང་རྡེག་དང་དག་ཐེར་བཅོས་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་མཉམ་འཛིན་སྤྱི་སྒྲུབ་ཀྱི་རྡུང་རྡེག་དང་བཅོས་སྐྱོང་བྱ་བའི་རྣམ་པ་འཐུས་ཚང་དུ་གཏོང་བ། ཁུངས་སྣེ་ཤེས་རྟོགས་ལ་ཤུགས་སྣོན་པ་བཅས་བྱས་ཏེ་འགོ་ཁུངས་ནས་གསེར་ཉའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་བདེ་འཇགས་འགོག་ཐིག་གྲུབ་པར་བྱེད་དགོས། ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་ཞུ་གཏུག་བྱ་དགའི་ལམ་ལུགས་འཛུགས་པ། ཁྲིམས་འཛིན་ཆད་གཅོད་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། དྲིལ་སྒྲོག་རྒྱ་ཆེར་སྤེལ་བ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་མི་ཚང་མ་ཟབ་ཞུགས་བྱེད་པ་དང་མི་རེ་རེས་སྲུང་སྐྱོབ་བྱེད་པའི་སྣང་ཚུལ་གྲུབ་པར་བྱེད་དགོས།
གྲོས་ཚོགས་སྟེང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་སྲུང་སྐྱོབ་འགུལ་སྐྱོད་ཇུས་གཞི་སྒྲོག་འདོན་བྱས་པ་དང་། ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ། འབྲེལ་ཡོད་ཁུལ་དང་རྫོང་། ཡུལ་ཚོ་དང་གྲོང་རྡལ། སྡེ་བའི་འགན་ཁུར་མི་སྣ། ལྗོངས་ཁུལ་གྱི་ཟ་ཁང་བདག་གཉེར་གཙོ་གཞི་དང་མང་ཚོགས་ཀྱི་འཐུས་མིས་སོ་སོར་གཏམ་བཤད།
ལྷ་མོ་ཚེ་རིང་གིས་བསྒྱུར།