མཚོ་སྔོན་ཞིང་ཆེན་གྱི2023ལོའི་ཚན་རིག་ཤེས་བྱ་དགོན་སྡེ་རུ་ཁྱབ་སྤེལ་བྱེད་པའི་གཅིག་བསྡུས་དཔེ་སྟོན་བྱ་འགུལ་དངོས་སུ་སྤེལ་འགོ་བརྩམས།
2023.09.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་དགུ་པའི་ཚེས་ཉེར་དྲུག་ཉིན། ཞིང་ཆེན་ཏང་ཨུའི་ཆོས་ལུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་ཞིང་ཆེན་དམངས་ཡོངས་ཚན་རིག་བྱང་ཚད་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་དང་། ཚན་རིག་ཁྱབ་གདལ་གྱིས་དམངས་ཚིས་ལ་ཕན་འདོགས་པ་དང་། མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་བརྗོད་དོན་དུ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི2023ལོའི་ཚན་རིག་ཤེས་བྱ་དགོན་སྡེ་རུ་ཁྱབ་སྤེལ་བྱེད་པའི་གཅིག་བསྡུས་དཔེ་སྟོན་བྱ་འགུལ་སྤེལ་འགོ་རྩོམ་པའི་མཛད་སྒོ་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དྷི་ཚ་དགོན་པ་རུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་མཛད་སྒོར་ཞུགས།

མཚོ་སྔོན་དུ་ཆོས་ལུགས་བྱེད་སྒོ་སྤེལ་ས་མང་བ་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་མང་བ། དད་ལྡན་མང་ཚོགས་མང་བས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བདེ་འཇགས་འགོག་སྲུང་སོགས་ཁྱབ་ཁོངས་ཀྱི་ཤེས་བྱར་དམིགས་ནས་ཚན་རིག་ཤེས་བྱ་དགོན་སྡེ་རུ་ཁྱབ་སྤེལ་བྱེད་པའི་བྱ་འགུལ་སྤེལ་བ་དེས། རྒྱ་ཆེའི་གྲྭ་བཙུན་ཚོས་དེང་རབས་ཚན་རིག་གི་ཤེས་བྱ་སྔར་ལས་མང་བོ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་། ཚན་རིག་གི་བྱང་ཚད་མཐོར་འདེགས་གཏོང་བར་ཕན་འདོགས་ཐུབ་ལ། མི་རིགས་མཐུན་སྒྲིལ་དང་ཚན་རིག་ཁྱབ་གདལ་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་ཕན་པ་ཡོད་པ་དང་། བོད་བརྒྱུད་ནང་བསྟན་རིག་གནས་དང་དེང་རབས་རིག་གནས་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་ཐུབ། 2021ལོར་རང་ཞིང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་ཚན་རིག་ཤེས་བྱ་དགོན་སྡེ་རུ་ཁྱབ་སྤེལ་བྱེད་པའི་བྱ་འགུལ་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས་པའི་ཚུན་དུ། ཞིང་ཆེན་དང་ཁུལ། རྫོང་རིམ་པ་གསུམ་གྱིས་མཉམ་འབྲེལ་བྱས་ཏེ། ཚན་རིག་ཁྱབ་གདལ་བྱེད་པ་དང་ཚན་རིག་ཤེས་བྱའི་དྲི་བར་མི་མང་བོས་ལན་འདེབས་པ་སོགས་ཀྱི་བྱ་འགུལ་རྒྱུན་མཐུད་ངང་སྤེལ་ནས། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་ཚན་རིག་ཤེས་བྱ་སློབ་སྦྱོང་དང་རྒྱུས་ལོན་བྱས་པ་དང་། རང་འགུལ་གྱིས་དེང་རབས་དཔལ་ཡོན་ཁྲོད་འདྲེས་པར་བྱེད་པར་སྣེ་ཁྲིད་བྱས་ཏེ། ཚན་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཚན་རིག་ཁྱབ་གདལ་བྱ་འགུལ་གྱིས་རྒྱ་ཆེའི་གྲྭ་བཙུན་སྔར་ལས་མང་བོར་ཕན་འདོགས་ཐུབ་པར་བྱས། མི་རིགས་མཐུན་སྒྲིལ་དང་ཚན་རིག་ཁྱབ་གདལ་མཉམ་འབྲེལ་གྱི་མཚོ་སྔོན་གྱི་མཚན་སྙན་དེ་རྒྱལ་ཡོངས་ཚན་རིག་མཐུན་ཚོགས་མ་ལག་གི་ཕུལ་བྱུང་བྱ་བའི་དཔེ་གཞིའི་ཁྲོད་ཚུད།

རིན་ཆེན་མཚོས་བསྒྱུར།