ཨེ་ཅིབ་མེས་རྒྱལ་འབྱུང་འགྱུར་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་གྲོས་དཔོན་ཨ་པུའུ་ཏུའུ་ལ་ཆིས་ཀི་ཡིས་གདན་དྲངས་པ་ལྟར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས། ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་དུ། ཨེ་ཅིབ་ལ་འཚམས་འདྲི་གནང་།
ལིས་ཞི་ཡིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་མཇལ་འཕྲད་གནང་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་སྒྲོག་བྱས་ནས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཉམ་དུ་དོན་འཁྱོལ་ཡག་པོ་བྱས་ནས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཨེ་ཅིབ་ཀྱི“ཉིས་སྟོང་སུམ་ཅུ་ལོའི་ཕུགས་འདུན”སྦྲེལ་མཐུད་གང་ལེགས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན། ཕྱོགས་གཉིས་ཀས་ཏང་ཕན་ཚུན་བར་བརྗེ་རེས་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་ཨེ་རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་མཐུན་སྦྱོར་དང་གཞོགས་འདེགས་ཐད་ཤུགས་བསྣན་ནས། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འགོ འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འགོ་བཅས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
སའེ་ཞི་ཡིས་ཨེ་ཅིབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོས་ཨེ་ཅིབ་འདི་ཉིད་གསེར་གྱོམ་ལམ་སྲོལ་ཁྲོད་ཞུགས་རྒྱུར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་གྲོས་འགོ་ཆེན་པོ་གསུམ་ལ་ཚད་མཐོའི་གདེང་འཇོག་དང་རྒྱབ་སྐྱོར་ནུས་ལྡན་བྱས་ནས། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོས་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུའི་རེ་ལྟོས་ཡོད་ཅེས་བསྟན།
ལིས་ཞི་ཡིས་ཨེ་ཅིབ་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ཨ་པུའུ་ཏུའུ་ལཱ་ཆིས་ཀི་དང་གྲོས་མོལ་བྱེད་སྐབས། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་སྣེ་ཁྲིད་འོག་ཏུ། ཀྲུང་ཨེ་རྒྱལ་ཁབ་གཉིས་ཀའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་ཕྱིན་པ་དང་། མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཕྱོགས་གཉིས་ཀས་ཏང་གཉིས་བར་གྱི་འགྲོ་འོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཀྲུང་ཨེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས། ལིས་ཞི་ཡིས་ཀྲུང་གོའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གནང་ནས། ཨེ་ཅིབ་ཕྱོགས་དང་མཉམ་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཅེས་གསུངས།
ཨ་པུའུ་ཏུའུ་ལཱ་ཆིས་ཀི་ཡིས་ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེན་སྐྱོད་ལམ་གསར་བའི་སྟེང་དངོས་སུ་བསྐྱོད་པ་དང་། ཀྲུང་གོའི་གྲུབ་འབྲས་དེ་ཨེ་ཅིབ་ལ་མཚོན་ནས་བཤད་ན། དཔྱད་གཞིར་འཛིན་པའི་དོན་སྙིང་གལ་ཆེན་ལྡན། ཉེ་བའི་ལོ་འདི་དག་གི་རིང་ལ་ཨེ་ཅིབ་མེས་རྒྱལ་འབྱུང་འགྱུར་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་བར་ཕན་ཚུན་འགྲོ་འོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། ཕན་ཚུན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱུའི་རེ་ལྟོས་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།