མཚོ་སྔོན་ཞིང་ཆེན་གྱི་ལས་གཞི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སུ་འཇོན་དེ་འགུག་བྱ་བ་དག་ཐེར་ཚད་ལྡན་དུ་གཏོང་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས།
2023.09.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་དགུ་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ལས་གཞི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སུ་འཇོན་དེ་འགུག་བྱ་བ་དག་ཐེར་ཚད་ལྡན་དུ་གཏོང་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་དབྱང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ། ཞིང་ཆེན་གྱི་ལས་གཞི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སུ་འཇོན་དེ་འགུག་བྱ་བ་ཚད་ལྡན་དུ་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ལིན་ཧུའུ་ཚོགས་འདུར་ཞུགས་ནས་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་གྱིས་མགོ་འཛིན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ལས་གཞི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སུ་འཇོན་དེ་འགུག་བྱ་བ་དག་ཐེར་ཚད་ལྡན་དུ་གཏོང་བའི་ལག་བསྟར་ཇུས་གཞིའི་སྐོར་ནས་གསལ་བཤད་བྱས།

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཡོངས་ཀྱིས་ལས་གཞི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སུ་འཇོན་དེ་འགུག་བྱ་བའི་དག་ཐེར་ཚད་ལྡན་ལས་དོན་སྤེལ་བ་ནི། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་བྱ་བའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། སུ་འཇོན་དེ་འགུག་གི་ཁྲོམ་རའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ལས་གཞི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སུ་འཇོན་དེ་འགུག་གི་རྙོག་འཛིང་རྣམ་པ་དག་སྒྲིག་བྱེད་པ། སུ་འཇོན་དེ་འགུག་བྱ་བའི་ལམ་ལུགས་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བ། ལས་གཞི་འཛུགས་སྐྲུན་ཁྱབ་ཁོངས་ནས་རུལ་སུངས་གནད་དོན་གཏན་འགོག་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ལངས་གནས་སྔར་ལས་ཇེ་མཐོར་བཏང་སྟེ། ལས་གཞི་འཛུགས་སྐྲུན་གྱི་སུ་འཇོན་དེ་འགུག་ཁྱབ་ཁོངས་སུ་གནས་པའི་གནད་དོན་ལ་ཞིབ་བཤེར་ནན་མོ་བྱེད་པ་དང་། དག་ཐེར་ཚད་ལྡན་གྱི་ཆོད་སེམས་ཇེ་བརྟན་དུ་གཏོང་བ། རྩ་ལག་མཉམ་བཅོས་དང་མ་ལག་ཇུས་བསྟར་རྒྱུན་འཁྱོངས་བྱས་ཏེ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པའི་སྙིང་སྟོབས་བཅངས་ནས་ཆེད་དོན་དག་ཐེར་བྱ་བ་གཏིང་ཟབ་ས་ནས་ཟབ་སར་སྤེལ་བར་སྐུལ་འདེད་གཏོང་དགོས། བྱ་བའི་འགན་འཁྲི་ཇེ་དམ་ཇེ་ནན་དུ་བཏང་སྟེ། བསམ་བློར་ངོས་ཤེས་ཐོབ་པ་དང་། རྩ་འཛུགས་མགོ་ཁྲིད་གནད་ལ་འཁེལ་བ། མ་ལག་བཅོས་སྐྱོང་ཚད་ལོངས་པ། དག་ཐེར་ནུས་ཤུགས་ཚད་ལོངས་པ། སྒྲིག་སྲོལ་ལམ་ལུགས་ཚད་དང་ལྡན་པ། སྒྲིག་བསྟར་ཁྲིམས་བསྟར་ཚད་ལོངས་པ། དྲིལ་སྒྲོག་སྣེ་ཁྲིད་ཚད་ལོངས་པ་སོགས་ལ་ཁག་ཐེག་བྱས་ནས། དག་ཐེར་ཚད་ལྡན་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས།  སྒྲིག་བསྟར་འགན་འཁྲི་རྩད་གཅོད་ནན་མོ་བྱས་ཏེ། དག་ཐེར་ཚད་ལྡན་གྱི་སྒྲིག་ཁྲིམས་འགན་སྲུང་ཤུགས་དྲག་ཏུ་གཏོང་བ་དང་། འདྲ་མཉམ་དྲང་གཞག་དང་། ཚད་ལྡན་ཕན་མཐོ།  གསལ་ཞིང་དྭངས་པ་བཅས་ཀྱི་སུ་འཇོན་དེ་འགུག་གི་ཁྲོམ་རའི་ཁོར་ཡུག་ལེགས་པོ་ཅིག་བསྐྲུན་དགོས།

ཚོགས་ཐོག་ཏུ། ཟི་ལིང་གྲོང་ཁྱེར་སྲིད་གཞུང་དང་། མཚོ་ནུབ་ཁུལ་སྲིད་གཞུང་། ཞིང་ཆེན་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་སྡེ་ཚོགས་བཅས་ཀྱི་འགན་ཁུར་མི་སྣས་གཏམ་བཤད།

                                                                                                              རིག་འཛིན་སྒྲོལ་མས་བསྒྱུར།