

ཟླ་དགུ་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཀྲང་ཟུར་པ་པའོ་ཨར་སིན་ལ་མཇལ་འཕྲད་གནང་།
ཟླ་དགུ་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཀྲང་ཟུར་པ་པའོ་ཨར་སིན་ལ་མཇལ་འཕྲད་གནང་། ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ནི་དེང་སྐབས་འཛམ་གླིང་གི་ཆེས་གལ་ཆེ་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཡིན་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེན་པོ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཆེས་ཆེན་པོ་ཡིན་པའི་ཆ་ནས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ཏེ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པར་མཉམ་དུ་སྐུལ་འདེད་བཏང་ནས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཕན་ཚུན་ལ་བརྩི་བཀུར་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་རྩ་དོན་གསུམ་གཞིར་བཟུང་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཐག་གཅོད་བྱེད་བཞིན་ཡོད་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྱང་ཀྲུང་གོའི་ཕྱོགས་ཀྱི་ཁ་ཕྱོགས་གཞིར་བཟུང་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ཡང་བསྐྱར་བདེ་ཐང་གཏན་འཇགས་ཀྱི་བགྲོད་ལམ་སྟེང་བསྐྱོད་པར་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད། ད་ལོར་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ཨ་མེ་རི་ཁའི་ཁེ་ལས་སྔར་ལས་མང་བོ་ཀྲུང་གོར་ཡོང་ནས་དངུལ་གཏོང་ལས་སྤེལ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་བཞིན་ཡོད།
པའོ་ཨར་སིན་གྱིས་བསྟན་དོན། ང་རང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བས་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱིས་རྒྱུན་མཐུད་ངང་གྲོས་མོལ་བྱེད་པ་དང་མི་གཞུང་བརྗེ་རེས་དང་དཔལ་འབྱོར་ཉོ་ཚོང་ལ་ཤུགས་བསྣན་ནས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་དགོས། རྗེས་ཕྱོགས་ཀྱང་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བའི་ཕྱོགས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་འདོད་ཡོད་ཟེར།
དཔའ་བརྟན་རྒྱལ་གྱིས་བསྒྱུར།