ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་དང་པོར་ཟུར་ཞུགས་འཐུས་མིའི་བསམ་འཆར་དང་གྲོས་གཞིར་ཉན།
2023.09.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ9པའི་ཚེས25ཉིན།  ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་དང་པོར་ཟུར་ཞུགས་འཐུས་མིའི་བསམ་འཆར་དང་གྲོས་གཞིར་ཉན་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་དམངས་ཆེན་འཐུས་མི་ཁ་ཤས་ཀྱིས་ནུས་ཤུགས་ཡོད་རྒུས་རང་འགན་གཙང་སྒྲུབ་བྱེད་པར་སྐུལ་མ་བཏང་བ་དང་། དམངས་ཆེན་འཐུས་མིས་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་ལག་ལེན་ནུས་པ་གལ་ཆེན་སྔར་ལས་འདོན་སྤེལ་བྱས།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བས་འགན་འཁྲི་ལག་བསྟར་དོ་དམ་བྱེད་ཐབས་གཉིས་ལ་བཟོ་བཅོས་བྱས་རྗེས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་རྗེས། རྒྱལ་ཡོངས་དང་ཞིང་ཆེན་དམངས་ཆེན་འཐུས་མི་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་བཅས་མི་དྲུག་གིས་འཐུས་མིའི་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་། འཐུས་མིའི་འགན་སྒྲུབ་ལ་འགན་སྲུང་བྱེད་པ། འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐད་ནས་གཏམ་བཤད།

ཟུར་ཞུགས་འཐུས་མིས་གཅིག་གྱུར་སྒོས་བལྟས་ན། དམངས་ཆེན་འཐུས་མི་ནི་མི་དམངས་ཀྱིས་མངགས་གཏོང་བྱས་པའི་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་ཕོ་ཉ་ཡིན་ལ། ཆབ་སྲིད་ཀྱི་མཚན་སྙན་དང་འགན་འཁྲི་ལས་འགན་ཡང་ཡིན་པས། དུས་རབས་གསར་བའི་དམངས་ཆེན་འཐུས་མི་ལེགས་པོ་ཞིག་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། ཆབ་སྲིད་ཀྱི་ལངས་གནས་བརྟན་པོ་དང་ཁྲིམས་བཅད་འགན་འཁྲི་སྒྲུབ་པ། སྒྲིག་ཁྲིམས་ནན་སྲུང་བྱེད་པ། རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་ཉར་ཏེ་ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་མུ་མཐུད་དུ་མཐོར་འདེགས་བྱེད་དགོས་པར་འདོད།

འཐུས་མི་ཚོས་གཅིག་གྱུར་སྒོས་བསྟན་དོན། ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་དམངས་ཆེན་ཚོགས་འདུར་ཞུགས་པ། ཁྲིམས་འཛུགས་དང་ལྟ་སྐུལ་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་པ། རང་སྟེང་གི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་བྱས་ཏེ་བསམ་འཆར་དང་གྲོས་གཞི་འདོན་པ། འབྲེལ་ཡོད་ཕྱོགས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས།  གཞི་རིམ་བར་གྱི་འབྲེལ་བ་དམ་ཟབ་ཏུ་བཏང་ནས་བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་བྱེད་སྒོར་ཞུགས་པ་དང་། གཞུང་སྒྲུབ་ཁང་གཉིས་དང་ལས་སྟེགས་གཅིག་གི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ། མང་ཚོགས་ཀྱི་བསམ་འདུན་དང་འབོད་སྒྲ་གང་ལེགས་སྒོས་མཚོན་པར་བྱས་ཏེ་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། འགན་སྒྲུབ་ཤེས་བྱ་དང་ལག་རྩལ་སློབ་སྦྱོང་གཏིང་ཟབ་བྱེད་པའི་དུས་མཚུངས་སུ་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་བྱེད་པར་དཔེ་སྟོན་བྱེད་པ་དང་། རང་རྟོགས་ངང་སྤྱི་བའི་སྤྱོད་བཟང་བརྩི་སྲུང་བྱེད་པ། རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པ། ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་དྲང་གཞག་ངང་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་རྒྱུན་འཁྱོངས་བྱས་ནས་དམངས་ཆེན་འཐུས་མིའི་སྣང་བརྙན་བཟང་བོ་བསྐྲུན་པ་དང་དེར་སྲུང་སྐྱོབ་བྱེད་དགོས།

ཤ་བོ་གསེར་མཚོས་བསྒྱུར།