ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བདུན་ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་སོང་ནས་རྟོག་ཞིབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་ཐུགས་རེ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་བཀོད་སྒྲིག་དངོས་འབེབས་བྱས་ཏེ། སྐྱེ་ཁམས་ཀྱི་འགོག་སྒྲིབ་སྲ་བརྟན་དུ་གཏོང་བ་དང་ཐོན་ལས་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། འཁོར་སྐྱོད་རྣམ་པ་བཟང་བོ་ཆགས་པར་བྱེད་པ་དང་། ཧུར་ཐག་སྒོས་སྐྱེ་ཁམས་མཛེས་ཤིང་ཐོན་ལས་དར་བ། མང་ཚོགས་ཕྱུག་པའི་མཚར་སྡུག་གི་རི་མོ་ཞིག་འབྲི་བཞེངས་བྱེད་དགོས་པ་ནན་གྱིས་བསྟན།
ཟླ་དགུ་བའི་མདོ་ལའི་སྟོན་གྱི་རྣམ་པ་རི་མོ་བཞིན་དུ་མཛེས། ཁྲིན་ཀང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ལྟེ་གནས་སུ་སོང་སྟེ། ར་གདོང་ཆེ་བའི་དོ་དམ་ས་ཚིགས་ནས་ལས་བྱེད་མི་སྣ་དང་སྙིང་ཉེ་བའི་ཁ་བརྡ་བྱས་ནས། དོ་དམ་ས་ཚིགས་ཀྱི་འཁོར་སྐྱོད་དང་དོ་དམ་དཔུང་སྡེའི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ཆེད་དུ་གངས་ཞོ་བླུགས་ལ་སོང་ནས། ཡུལ་དངོས་ནས་འཁྱག་རོམ་གྱི་སྲུང་སྐྱོབ་དང་མགོ་ཁུངས་ཀྱི་བཅོས་སྐྱོང་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས། ཁྲིན་ཀང་གིས་མདོ་ལ་རི་བོའི་ལྷོ་འདབས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་པ་ཡིད་ལ་དམ་པོར་བཟུང་ཞིང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། སེམས་ཤུགས་གཅིག་སྒྲིལ་གྱིས་མདོ་ལ་རི་བོའི་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོབ་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན་གྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་དགོས་པ་དང་། སྲུང་སྐྱོང་རུ་ཁག་གི་རུ་མིའི་བརྩོན་སེམས་སྐུལ་སློང་གང་ལེགས་བྱེད་པ་དང་ཚན་རིག་དང་མཐུན་པའི་ནུས་ལྡན་སྐོར་གཡེང་བྱ་བ་སྤེལ་ནས། སྔར་ལས་ལྷག་པའི་སྒོ་ནས་ཁོ་ཚོའི་ཏང་གི་སྐད་སྒྲ་བརྒྱུད་སྒྲོག་དང་། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། མང་ཚོགས་དང་འབྲེལ་འདྲིས་ཟབ་མོ་བྱེད་པ་བཅས་ཐད་ཀྱི་ནུས་པ་འདོན་སྤེལ་བྱེད་དུ་བཅུག་སྟེ། དོ་དམ་སྲུང་སྐྱོང་རུ་ཁག་དེ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་བཟང་བའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས་པ་ནན་གྱིས་བསྟན། བཙུན་མོ་དམར་ཡག་མའི་མཛེས་ལྗོངས་ཁུལ་དང་མཁར་དམར་གནའ་མཁར་གནས་ཤུལ་རྟེན་མཛོད་ཁང་ནས། ཁྲིན་ཀང་གིས་ས་དེའི་གནས་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཆུ་དྭངས་རི་སྔོ་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་བཙུགས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་དང་རིག་དངོས་སྲུང་སྐྱོབ། གནས་སྐོར་འཕེལ་རྒྱས་བཅས་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་གནས་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཆར་འགོད་བྱེད་དགོས་པ་ནན་གྱིས་བསྟན།
ཁྲིན་ཀང་མཚོ་སྔོན་གསེར་མདོག་མདོ་ལ་འོ་ལས་ཚད་ཡོད་འགན་འཁྲི་ཀུང་ཟིར་སོང་ནས། ནན་ཏན་གྱིས་ས་དེས་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཞིང་ལས་དང་ཞིང་སྡེ་ཡི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་ཉན་པར་མ་ཟད། ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་གནས་ཚུལ་གསལ་བོར་དྲིས། སྣེ་ཁྲིད་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ལྷད་མེད་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་རིན་ཐང་སྔོག་འདོན་བྱེད་པ། དངུལ་ལོར་དང་དངོས་སྐྱེལ། གསོག་འཇོག་བཅས་ཀྱི་ཆ་ཚང་ཞབས་ཞུའི་བཀོད་སྒྲིག་ལ་ཤུགས་སྣོན་བྱས་ཏེ། ཧུར་ཐག་སྒོས་ཐོན་ལས་ལ་འཕེལ་རྒྱས་འབྱུང་བ་དང་གྲོང་གསེབ་དར་སྤེལ་བྱེད་པ། མང་ཚོགས་ཀྱི་ཡོང་འབབ་འཕར་བ་བཅས་ཀྱི་མཉམ་འབྲེལ་རྐྱེན་སྲོལ་ཆགས་པར་བྱས་ནས། ལྷད་མེད་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་གསར་འཛུགས་བྱེད་པའི་ཐད་སྟོབས་ཤུགས་འབུལ་དགོས་པ་ནན་གྱིས་བསྟན།
དམར་དམག་ནུབ་ལམ་དམག་དཔུང་གི་བཅིངས་འགྲོལ་དམག་གཉིས་པའི་རྗེས་དྲན་ཁང་ནས་ཁྲིན་ཀང་གིས་ནན་ཏན་གྱིས་ལོ་རྒྱུས་ཡིག་ཆ་ཀློག་པ་དང་དངོས་པོའི་པར་རིས་ལ་ཞིབ་ལྟ་བྱས་ཏེ། བརྩེ་བ་ཟབ་མོས་ནུབ་ལམ་དམག་དཔུང་གིས་མདོ་ལ་ནས་དམར་འཛིང་བྱས་པའི་སྐྱོ་སྡུག་གི་ལོ་རྒྱུས་ལ་ཕྱིར་དྲན་བྱས། ཁོས་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་ཁྲོད་དམར་དམག་གི་ཐོན་ཁུངས་བེད་སྤྱོད་གང་ལེགས་དང་དམར་དམག་གི་གཡུལ་སའི་ནུས་པ་འདོན་སྤེལ་བྱས་ནས། གསར་བརྗེའི་སྔོན་གཤེགས་དཔའ་བོའི་བསྟོད་པར་འོས་པའི་མཛད་འཕྲིན་ཁྲོད་ནས་སྙིང་སྟོབས་ཀྱི་བཅུད་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། དམར་དམག་གི་གཞི་རྒྱུ་དང་དམར་དམག་གི་ཁྲག་རྒྱུན་རྒྱུན་འཛིན་བྱེད་དགོས་པ་ནན་གྱིས་བསྟན།
ཕྱིར་ལོག་པའི་ལམ་བར་ནས། ཁྲིན་ཀང་འབྲོང་ལུང་ཡུལ་ཚོའི་ལྟེ་གནས་བྱིས་སྐྱོང་ཁང་དུ་སོང་ནས་བྱིས་པ་ཚོ་དང་འབྲེལ་འདྲིས་བྱས་པ་དང་། ཟ་ཁང་དང་ངལ་གསོའི་ཁང་། བདེ་སྲུང་ཁང་། བྱ་འགུལ་ཁང་བཅས་སུ་སོང་ནས་སློབ་སྒྲུབ་གནས་ཚུལ་དང་བཟའ་བཏུང་གི་བདེ་འཇགས་སོགས་ལ་ཞིབ་ཏུ་རྟོག་ཞིབ་བྱས་པར་མ་ཟད། དགེ་རྒན་དག་གིས་བྱིས་པ་ཚོའི་བདེ་འཇགས་དང་བདེ་ཐང་གཙོར་བཟུང་ནས། ནན་ཏན་གྱིས་བདེ་འཇགས་བྱེད་ཐབས་སྣ་ཚོགས་དངོས་འབེབས་དང་། བྱིས་པའི་སྐད་བརྡ་སྦྱོང་བའི་གནད་འགག་གི་དུས་སྐབས་སུ་བྱིས་པའི་སློབ་སྔོན་གྱི་སྤྱི་སྐད་སློབ་གསོར་ཤུགས་སྣོན་བྱེད་པའི་ཞོར་དུ། བརྩེ་སེམས་རྣལ་མས་བྱིས་པ་ཚོ་བདེ་བླག་ངང་འཚར་ལོངས་འབྱུང་བར་བྱེད་དགོས་པའི་སྐུལ་མ་བཏང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥུན་རྟོག་ཞིབ་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།