ཟླ་དགུ་པའི་ཚེས་ཉེར་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ།《ཀྲུང་དབྱང་གི་སྐབས་ཉི་ཤུ་པའི་རེས་སྐོར་དང་པོའི་སྐོར་ཞིབ་གནས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུར》གྲོས་ཞིབ་གནང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་གནང་།
གྲོས་ཚོགས་ལས་བལྟས་ན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྐོར་ཞིབ་ལས་དོན་དེ་ཏང་གི་རང་ངོས་གསར་བརྗེ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཅིག་ཏུ་བརྩིས་ནས། དེ་བསྟུན་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། ཀྲུང་དབྱང་གི་སྐབས་ཉི་ཤུ་པའི་རེས་སྐོར་དང་པོའི་སྐོར་ཞིབ་ཚོགས་འདུའི་སྟེང་དུ། བདེན་སྲུང་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་གནད་ཁེལ་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དུས་ནམ་ཡང་ལམ་དུ་ཡོད་པ་དང་ཏང་གི་རང་ངོས་གསར་བརྗེ་དུས་ནམ་ཡང་ལམ་དུ་ཡོད་པའི་སྐོར་ནས་བརྡ་རྟགས་མངོན་གསལ་ཅན་བཏང་ཡོད། ལག་ལེན་དངོས་ཀྱི་སྟེང་ནས་སྐོར་ཞིབ་ནི་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པས། མུ་མཐུད་དུ་དེར་ཤུགས་སྣོན་དགོས་པར་མ་ཟད། སྐོར་ཞིབ་ལས་དོན་གཏིང་ཟབ་ས་ནས་ཟབ་སའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས་པ་ར་སྤྲོད་བྱས།
གྲོས་ཚོགས་ལས་བསྟན་དོན། སྐོར་ཞིབ་བྱས་པའི་གནས་ཚུལ་ལྟར་ན། རྒྱལ་དབང་ཁེ་ལས་དང་དངུལ་རྩ། ལུས་རྩལ་ཁྱབ་ཁོངས་བཅས་ཀྱི་ཏང་འཛུགས་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལས་དོན་ལ་ཤུགས་སྣོན་ཐེབས་ནས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ནའང་། ད་དུང་གནད་དོན་ཁ་ཤས་གནས་ཡོད། གཟབ་ནན་གྱི་གཞི་གདངས་གཙོ་བོ་དང་བྱེད་ཐབས་ནན་མོ། མཁའ་དབུགས་ནན་མོ་བཅས་མུ་མཐུད་བརྒྱུད་སྤྲོད་བྱེད་དགོས་པ་ལས་གཞན། གཟབ་ནན་གྱི་བྱེད་ཕྱོགས་འདི་ཉིད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་དང་ལྷག་པར་དུ་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་ཏན་ཏིག་ངང་འཁུར་བར་སྐུལ་འདེད་གཏོང་དགོས་པ་དང་། དག་ཐེར་ཡོ་བསྲང་ལ་དམ་འཛིན་ནན་མོ་བྱེད་པ། སྐོར་ཞིབ་དག་ཐེར་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་དོན་འཁྱོལ་བྱེད་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་གང་ལེགས་བྱས་ནས།“གཏན་ཕབ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་བླངས་ཏེ།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བསྒྲུབ་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྐོར་ཞིབ་དག་ཐེར་བྱ་རྒྱུ་གོ་སྐབས་སུ་བརྩིས་ནས། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་པ་དང་། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་གནས་བབ་སྔར་ལས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཏང་ཀྲུང་དབྱང་གིས་བཅོལ་བའི་འགན་འཁྲི་དང་ལས་འགན་ནན་ཏན་ངང་སྒྲུབ་པ། རྒྱལ་དབང་ཁེ་ལས་ཀྱི་ལྟེ་བའི་ནུས་པ་དང་ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་རྨང་གཞི་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་སྔར་ལས་ཇེ་བརྟན་དུ་གཏོང་བ། དངུལ་རྩའི་ཁེ་ལས་ཀྱིས་དངོས་ཕུང་དཔལ་འབྱོར་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་ཤུགས་སྔར་ལས་ཆེ་རུ་བཏང་ནས། སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ནུས་ལྡན་བྱས་ཏེ། ཚད་མཐའི་བསམ་གཞིག་དང་མཐའ་ཚད་ཀྱི་བསམ་གཞིག་བརྟན་པོ་འཛུགས་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་ཉེན་ཁ་ཆེན་པོ་འགོག་ཟོན་དང་སེལ་གང་ཐུབ་བྱས་ནས། བདེ་འཇགས་ཀྱི་ཚད་མཐའ་བརྟན་པོ་སྲུང་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུའི་ལས་དོན་གཏིང་ཟབ་ས་ནས་ཟབ་སའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་སྟེ། ཏང་ཨུ་དང་ཏང་ཙུའུ་ཧྲུའུ་ཅི་ཡིས་འགན་འཁུར་བ་དང་པོའི་འགན་འཁྲི་ཁུར་བ་དང་། མགོ་ཁྲིད་ཚན་ཁག་གི་ཁོངས་མིའི“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་གཞིའི་ལྟ་སྐུལ་འགན་འཁྲི་སྔར་ལས་ཇེ་དམ་དུ་བཏང་ནས། རིམ་པ་སོ་སོའི“མགོ་ཁྲིད་པ་གཙོ་བོར”ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་པ་དང་། རྒྱལ་དབང་ཁེ་ལས་དང་དངུལ་རྩའི་ཁྱབ་ཁོངས་སུ་རུལ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ། “སྤྱོད་ཚུལ་བཞི”ཡོ་བསྲང་གཏིང་ཟབ་བྱེད་པ། གྱོད་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་གྱོད་དོན་གྱིས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཕྱོགས་ཟབ་སྤེལ་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ནན་ཏན་བྱེད་པ་དང་། མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་དང་ལས་བྱེད་པ་དང་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བཅས་སུ་ཤུགས་སྣོན་དགོས། སྐོར་ཞིབ་ཀྱི་གྲུབ་འབྲས་ཕྱོགས་བསྡུས་བེད་སྤྱོད་ཡག་པོ་བྱས་ཏེ། བཅོས་སྒྱུར་གཏིང་ཟབ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གནད་དོན་གྱི་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། རྩ་ལག་མཉམ་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།