ཟླ་དགུ་པའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་གྲོལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི་ང་བརྒྱད་གྲོས་ཚོགས་ལ་ཞུགས་ཡོད་པས། དེ་ཁྲིམས་བཀོད་མི་གྲངས་དང་མཐུན། ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
གྲོས་ཚོགས་ལས། མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་སྤེལ་སྐུལ་འདེད་སྲོལ་ཡིག་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་བདེ་འཇགས་ལས་དོན་དང་འབྲེལ་བའི་འཛུགས་སྐྲུན་ལས་གཞིའི་དོ་དམ་སྲོལ་ཡིག མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་དབང་རྒྱུ་ནོར་དོ་དམ་ལ་ཤུགས་སྣོན་བྱེད་པའི་སྐོར་གྱི་གནས་ཚུལ་ལྟ་ཞིབ་ཐག་གཅོད། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་གྲོང་ཁྱེར་གྱི་མེ་འགོག་མེ་གསོད་བཟོ་བཅོས་ལ་ཆོག་མཆན་འགོད་པའི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་ཤར་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་བྱ་བའི་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་རྒྱུན་སྡེ་བའི་སྲུང་སྐྱོབ་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་འབྲེལ་ཡོད་མི་དོན་བྱ་བར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་སྟེང་གསར་དུ་འགན་ཁུར་བའི་འབྲེལ་ཡོད་བློ་མཐུན་ལ་ལས་འགན་ཁུར་བའི་ཡི་གེ་སྤྲད།
གྲོས་ཚོགས་ལས་རྩ་ཁྲིམས་མདུན་དུ་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ།
ཧྲིན་ཀྲང་གཞོན་པ་ལི་ཧུང་ཡཱ་དང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་ཁུར་བ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་གཙོ་ཀྲ་ཆིན་ཅུག་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།