ལིས་ཆང་རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་བྱ་བའི་གྲོས་ཚོགས་ཐེངས་བདུན་པར་ཞུགས་པར་མ་ཟད་གསུང་བཤད་གནང་།
2023.09.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 26

རྒྱལ་ཡོངས་བུད་མེད་དང་བྱིས་པའི་བྱ་བའི་གྲོས་ཚོགས་ཐེངས་བདུན་པ་ཚེས་ཉེར་བརྒྱད་ཉིན་པེ་ཅིང་དུ་འཚོགས་པ་དང་།  གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ལིས་ཆང་གིས་གསུང་བཤད་ཁྲོད་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་བུད་མེད་དང་བྱིས་པའི་བྱ་བའི་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ཁས་ལེན་གང་ལེགས་བྱས་པ་དང་།   དུས་རབས་གསར་པ་དང་བསྐྱོད་ལམ་གསར་པའི་བུད་མེད་དང་བྱིས་པའི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བླང་བྱ་གསལ་བོ་བཏོན་ལ།   རྒྱ་ཆེའི་བུད་མེད་དང་བྱིས་པའི་བྱ་བ་སྒྲུབ་མཁན་ལ་རེ་བ་ནན་མོ་བཏོན་པར་མ་ཟད།   ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན།  མཛུབ་སྟོན་རང་བཞིན་བཅས་དྲག་པོ་ལྡན་པས་བུད་མེད་དང་བྱིས་པའི་བྱ་བ་བཟང་བོར་བསྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད།  ང་ཚོས་དེར་སློབ་སྦྱོང་ཟབ་མོ་བྱས་ཏེ་གོ་བ་ཡང་དག་ལེན་དགོས་པ་དང་ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་དགོས།

ལིས་ཆང་གིས་བསྟན་དོན།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བུད་མེད་དང་བྱིས་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་བུད་མེད་དང་བྱིས་པའི་བྱ་བའི་འཕེལ་རྒྱས་ཐད་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་།   བསམ་བློ་གསར་པ་དང་ལྟ་བ་གསར་པ།   ཆོད་གཏམ་གསར་པ་རབ་དང་རིམ་པ་བཏོན་ཏེ་ང་ཚོའི་ཏང་གིས་བུད་མེད་དང་བྱིས་པའི་བྱ་བ་འཕེལ་རྒྱས་གཏོང་བའི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་སྔར་ལས་ཇེ་ཟབ་ཏུ་བཏང་བ་དང་།   དུས་རབས་གསར་པ་དང་བསྐྱོད་ལམ་གསར་པར་བུད་མེད་དང་བྱིས་པའི་བྱ་བ་བཟང་བོར་སྒྲུབ་པར་རྩ་བའི་བསྲུང་བྱ་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས།  ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པའི་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་བྱས་ཏེ་གོ་བ་ཡང་དག་ལེན་པ།    ཕོ་མོ་འདྲ་མཉམ་སོགས་ཀྱི་གཞི་རྩའི་རྒྱལ་ཇུས་དང་བྱིས་པ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ།    ཕོ་མོ་གཉིས་ཀྱི་དངོས་ཡོད་བར་ཁྱད་དང་བུད་མེད་དང་བྱིས་པའི་དམིགས་བསལ་ཁེ་དབང་ལ་བསམ་གཞིགས་ཞིབ་མོ་གཏོང་བ་བཅས་བྱས་ཏེ་སྔར་ལས་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་བུད་མེད་དང་བྱིས་པའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་།  བུད་མེད་དང་བྱིས་པའི་ཁེ་དབང་ལ་སྔར་ལས་འགན་སྲུང་ཡོད་པ་དང་མི་ཚེ་སྔར་ལས་འོད་སྟོང་ལྡན་པ།   འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་སྐུལ་འདེད་གཏོང་དགོས།

ལིས་ཆང་གིས་ནན་གྱིས་བསྟན་དོན།    ཀྲུང་གོའི་བུད་མེད་འཕེལ་རྒྱས་རྩ་གནད་དང་ཀྲུང་གོའི་བྱིས་པ་འཕེལ་རྒྱས་རྩ་གནད་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དམ་འཛིན་བྱེད་པ་དང་།  བུད་མེད་དང་བྱིས་པའི་བྱ་བ་གཙོ་བོ་ཏན་ཏིག་གིས་བསྒྲུབ་པ།   རྒྱ་ཆེའི་བུད་མེད་ཀྱིས་བྱས་རྗེས་འཇོག་པ་དང་ལས་གཉེར་བྱེད་པར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་པ།     བྱིས་པ་སྔོན་ལ་འཕེལ་རྒྱས་གཏོང་བའི་རྩ་དོན་དོན་འཁྱོལ་ནན་མོ་བྱེད་པ།   ཁྱིམ་ཚང་འཛུགས་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས།   ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚོགས་པ་རྩ་འཛུགས་ཀྱི་བྱེད་ནུས་གཙོ་བོ་འདོན་སྤེལ་བྱེད་པ།  སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་པ།    བྱ་བའི་མཉམ་ཤུགས་ཆེན་པོ་གཅིག་བསྡུས་བྱེད་པ་བཅས་བྱས་ཏེ་དུས་རབས་གསར་པ་དང་བསྐྱོད་ལམ་གསར་པའི་བུད་མེད་དང་བྱིས་པའི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས།   གྲོས་ཚོགས་སྟེང་རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་རྩ་གནད་ལག་བསྟར་བྱས་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས།

རྒྱལ་སྲིད་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་དབྱི་ཆིན་གྱིས་སྤྱི་སྡོམ་གཏམ་བཤད་ཁྲོད་བསྟན་དོན།   བསམ་བློ་དང་འགུལ་སྐྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་ཙུང་ལི་ལིས་ཆང་གི་གསུང་བཤད་བླང་བྱ་དོན་འཁྱོལ་བྱེད་པ།   རྒྱ་ཆེའི་བུད་མེད་ཀྱི་དགེ་མཚན་དང་བྱེད་ནུས་འདོན་སྤེལ་བྱེད་པ།    ནུས་ཡོད་སྒོས་ནར་མ་སོན་པའི་མིར་གཅེས་སྐྱོང་དང་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ།   བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བཟང་བོ་བྱེད་པ།   བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་བུད་མེད་དང་བྱིས་པའི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་དགོས།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་སྤྱི་བདེ་པུའུ།   རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།  ཧྲང་ཧེ་གྲོང་ཁྱེར།   ཧུའུ་པེ་ཞིང་ཆེན། ཀོང་ཏུང་ཞིང་ཆེན།   ཉིང་ཞ་ཧོས་རིགས་རང་སྐྱོང་ལྗོངས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས།

ཝུའུ་ཀྲིན་ལུང་དང་ཧྲིན་ཡོའེ་ཡོའེ་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་བརྙན་འཕྲིན་ཁ་པར་གྱི་རྣམ་པ་བརྒྱུད་དེ་བསྡུས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཨུ་ཡོན།   ཞིང་ཆེན་དང་རང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་སོ་སོ།  ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས།   ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས།

                                                                                                              ལྷ་མོ་ཚེ་རིང་གིས་བསྒྱུར།