ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་ཕྱིར་ལོག་རང་མི་དང་ཕྱིར་སྡོད་ཁྱིམ་མིའི་འཐུས་ཚབ་པའི་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུ་ལ་ཞུགས་ནས་རྟེན་འབྲེལ་ཞུས། ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་ལེན་ཞའོ་མེན་གྱིས་རྟེན་འབྲེལ་ཞུ་ཚིག་ཕུལ། ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིས་མེན་དང་པད་ཁོ ཀྲུའུ་ཞིང་ཧྥུན། དབྱང་ཀྲི་ཝུན་བཅས་གྲོས་ཚོགས་ལ་ཞུགས།
ལེན་ཞའོ་མེན་གྱིས་ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་ཚོགས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་། ཁོས་བཤད་རྒྱུར། དུས་ཡུན་རིང་བོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་ཚད་མཐོ་བའི་མཐོང་ཆེན་བྱས་ཤིང་། རྩ་འཛུགས་ལ་བཅོས་སྒྱུར་གསར་སྐྲུན་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་ནས། ཞིང་ཆེན་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བ་བདེ་ཐང་ངང་འཕེལ་རྒྱས་འབྱུང་བར་ཆ་རྐྱེན་གང་ལེགས་སྐྲུན་ལ། སྟོབས་ལྡན་འགན་སྲུང་འདོན་སྤྲོད་བྱས། མཚོ་སྔོན་ཞིང་ཆེན་རྒྱལ་ནང་དུ་ལོག་པའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་གི་ལས་རྐང་ལ་རྐང་བཙུགས་ནས། རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཤིང་། རྒྱ་ཆེའི་ཕྱིར་སྡོད་རང་མི་ཡོངས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཤིང་། སེམས་པ་གཅིག་ཏུ་སྦྲེལ་ལ། བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། ཕྱིར་སྡོད་རང་མིའི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་ཕྱོགས་སུ་བྱ་བ་འབོར་ཆེན་སྒྲུབ་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མི་དང་ཕྱིར་རྒྱལ་དུ་སྡོད་པའི་སྤུན་ཟླ་བཅས་ཧུར་ཐག་གིས་མཚོ་སྔོན་འཛུགས་སྐྲུན་གྱི་བྱ་བའི་ཁྲོད་ཞུགས་ཤིང་། དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་གྱི་ཕྱོགས་སུ་ཕྱིར་སྡོད་རང་མིས་སྟོབས་ཤུགས་ཕུལ། མཚོ་སྔོན་གྱི་རིམ་པ་སོ་སོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སེམས་གཅིག་སྦྲེལ་གྱིས་ནང་སེམས་སྦྱོང་པ་དང་། ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་ཡང་དག་པའི་ཆབ་སྲིད་མདུན་བསྐྱོད་ཀྱི་ཁ་ཕྱོགས་ཁག་ཐེག་བྱེད་དགོས། ཕྱིར་སྡོད་རང་མིའི་དགེ་མཚན་བེད་སྤྱད་ནས། མཚོ་སྔོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་ཡོད་རྒུས་ཞབས་ཞུ་སྒྲུབ་དགོས། ཕྱིར་སྡོད་རང་མིར་ཞབས་ཞུ་སྒྲུབ་པའི་འདུ་ཤེས་བརྟན་པོར་བཙུགས་ནས། གྲངས་ཉུང་མི་རིགས་ས་ཁུལ་གྱི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་འགན་འཁུར་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ལ། བརྩེ་བ་དང་སེམས་ཤུགས་ཡོད་ཚད་བཀོལ་ནས་ཕྱིར་སྡོད་རང་མིའི་སེམས་པ་དྲོ་ཞིང་། ནང་སེམས་བརྟན་ལ། ཡིད་ཆེས་ལྡན་པའི་བྱ་བ་ལེགས་པོ་སྒྲུབ་དགོས།
པད་ཁོ་ཡིས་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་ཚོགས་ཆེན་ལ་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ལོ་ངོ་ལྔ་ཡི་རིང་ལ། ཞིང་ཆེན་ཏང་ཨུའི་ཡང་དག་པའི་འགོ་ཁྲིད་ཀྱི་འོག་དང་ཀྲུང་གོ་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་མཛུབ་ཁྲིད་འོག་ཏུ། ཞིང་ཆེན་ཡོངས་ཀྱི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཁྱོན་ཡོངས་ནས་འགན་ནུས་དོན་འཁྱོལ་བྱས་ཏེ། ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་བླངས་ཡོད་ལ། རྒྱ་ཆེའི་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིས་ཕ་ཡུལ་འཛུགས་སྐྲུན་གྱི་ཕྱོགས་སུ་བློ་གྲོས་དང་སྟོབས་ཤུགས་ཕུལ་ནས་བྱས་རྗེས་གང་ལེགས་བཞག་ཡོད། མིག་སྔར། མཚོ་སྔོན་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆེས་བཟང་བའི་དུས་སྐབས་ཤིག་ལ་འཁེལ་ཡོད་པས། མཚོ་སྔོན་གྱི་བྱ་གཞག་སོ་སོའི་འཕེལ་རྒྱས་ལ་བྱ་གཞག་བླ་མེད་སྒྲུབ་དགོས་ཤིང་། ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་འདུ་བའི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་དཔུང་རྡང་གཅིག་ཏུ་སྦྲེལ་ནས། ཐུན་ཡོང་འབད་འཐབ་བྱེད་དགོས། རྒྱ་ཆེའི་ཕྱིར་སྡོད་རང་མི་དང་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མི་བཅས་ཀྱིས་ཧུར་ཐག་གིས་ཕ་ཡུལ་འཛུགས་སྐྲུན་གྱི་བྱ་བར་ཟབ་ཞུགས་བྱས་ནས། མཚོ་སྔོན་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ལ་གཞོགས་འདེགས་བྱེད་དགོས། རིགས་སོ་སོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསམ་བློ་ཆབ་སྲིད་སྣེ་ཁྲིད་དུ་བཟུང་ཞིང་། མི་རིགས་མཐུན་སྒྲིལ་རྨང་གཞི་བྱས་ནས་སྲོལ་རྒྱུན་བཟང་བོ་དར་སྤེལ་གཏོང་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་ཆེ་ཕྱོགས་ལ་ཞབས་ཞུ་སྒྲུབ་པར་ཤུགས་བསྣན་ནས། ཕྱིར་སྡོད་རང་མིའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ལ། ཕྱིར་རྒྱལ་དུ་སྡོད་པའི་སྤུན་ཟླ་དང་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མིའི་བློས་ཐུབ་མི་སྣ་རུ་འགྱུར་བར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་ཕྱིར་སྡོད་རང་མིའི་ལས་གཉེར་སྲིད་ཇུས་ལག་བསྟར་བྱས་ནས། ཕྱིར་སྡོད་རང་མིའི་བྱ་བར་ཤུགས་ཡོད་འགན་སྲུང་འདོན་སྤྲོད་བྱེད་དགོས།
གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་སྐབས་བདུན་པའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ཚོགས་པའི་བྱ་བའི་སྙན་ཞུར་ཉན་ཞིང་། སྔོན་ཐོན་ལ་གཟེངས་བསྟོད་གནང་། གུང་གཞོན་ཚོགས་པ་ཞིང་ཆེན་ཏང་ཨུའི་འགན་ཁུར་བློ་མཐུན་གྱིས་མི་དམངས་ཚོགས་པའི་ཚབ་བྱས་ཏེ་ཚོགས་ཆེན་ལ་ཞུ་ཚིག་ཕུལ།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།