ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་བཞི་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། བཞུད་ལམ་གསར་བའི་སྟེང་ང་ཚོའི་མདུན་ལམ་ལ་འོད་སྟོང་ལྡན། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཞིང་ཡིད་ཆེས་གསེར་ལས་ལྷག ང་ཚོས་ཡིད་ཆེས་བརྟན་པོ་དང་སྙིང་སྟོབས་དར་སྤེལ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ། མུ་མཐུད་དུ་དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ནས་བློ་བརྟན་འགྱུར་མེད་ཀྱིས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་དམིགས་འབེན་ལ་ཁ་ཕྱོགས་ནས་བློ་སྤོབས་ཆེན་པོས་མདུན་བསྐྱོད་བྱེད་དགོས་ཞེས་གསུངས།
ལིས་ཆང་གིས་སྣེ་ལེན་ཚོགས་འདུར་མགོ་འཛིན་མཛད་པ་དང་། ཀྲའོ་ལི་ཅི་དང་ཝང་ཧུའུ་ཉིང་། ཚེ་ཆི། ཏེན་ཞོས་ཞང་། ལིས་ཞི། ཧན་ཀྲིན་བཅས་སྣེ་ལེན་ཚོགས་འདུར་ཞུགས། རྒྱལ་ཁབ་ཕྱི་ནང་གི་མི་སྣ་བརྒྱད་བརྒྱ་ལྷག་ལྷན་དུ་འཛོམས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་མཉམ་དུ་རོལ།
མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཚོམས་ཆེན་དུ་གློག་འོད་རྣམ་པར་བཀྲ་ཞིང་མེ་ཏོག་སྣ་ཚོགས་རྣམ་པར་བཞད་ཡོད་ལ། དུས་ཆེན་གྱི་སྤྲོ་དགའི་སྣང་ཚུལ་གྱིས་ཡོངས་སུ་ཁེངས་འདུག ཀྲུའུ་ཞིའི་སྟེགས་བུའི་ཡང་སྟེང་དུ་རྔམ་བརྗིད་ལྡན་པའི་རྒྱལ་རྟགས་བཀལ་ཡོད་པ་དང་། གཅིག་སྟོང་དགུ་བརྒྱ་ཞེ་དགུ་ནས་ཉིས་སྟོང་ཉེར་གསུམ་ལོའི་བར་ཞེས་པའི་ཡིག་འབྲུ་ཆེན་མོ་དག་དར་དམར་གྱི་མཐའ་བརྒྱན་འོག་ལྷག་པར་མིག་ཏུ་གསལ་བ་ཞིག་རེད།
ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་སུམ་ཅུ་ཡས་མས་སུ། སྤྲོ་དགའི་མགྲོན་བསུའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་གསོལ་སྟོན་ཚོམས་ཆེན་དུ་ཕེབས་པ་དང་། ཚང་མར་ཕྱག་བརྡ་བསྟན་ནས་གུས་སེམས་བསྟན་པས་ཚོགས་ར་ཧྲིལ་བོར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།
སྣེ་ལེན་ཚོགས་འདུ་མགོ་བརྩམས་པ་དང་། ཚོགས་ར་ཧྲིལ་བོའི་མི་ཚང་མ་ཡར་ལངས་ནས་རྒྱལ་གླུ་སྐད་གསེང་མཐོན་པོས་བླངས་པས། བརྗིད་རྔམ་གྱི་བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་ཚོགས་ར་ཧྲིལ་བོར་ལྷང་ལྷང་གྲགས།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་དམག་དཔུང་གི་དཔོན་དམག དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་བླ་མེད་གུས་འདུད་ཞུས་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ། ཕྱི་སྡོད་རང་མིའི་སྤུན་ཟླ་བཅས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་པར་མ་ཟད། ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་མཛའ་མཐུན་རྒྱལ་ཁབ་དང་རྒྱལ་སྤྱིའི་གྲོགས་པོ་དག་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་དོན་བཞི་འཁོར་བའི་རིང་ལ། རང་རྒྱལ་དབུལ་ཕོངས་ནས་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུད་ལམ་གསར་བར་ཞུགས་ཡོད། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་འབད་ཐབ་བྱས་ནས་བླངས་པའི་གྲུབ་འབྲས་ཆེན་པོ་ཞིག་ཡིན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པའི་ཐོག་མའི་ལོ་ཡིན་ཞིང་། ང་ཚོས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམ་བྱས་ནས། ཧུར་ཐག་སྒོས་དཔལ་འབྱོར་གྱི་རྒྱུན་མཐུད་སླར་གསོ་ལ་སྐུལ་འདེད་བཏང་སྟེ། གོ་རིམ་ལྡན་པའི་སྒོ་ནས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་བ་དང་། ཕན་ནུས་ལྡན་པའི་སྒོ་ནས་ས་ཁུལ་ཁ་ཤས་སུ་བྱུང་པའི་ཆུ་ལོག་གནོད་འཚེ་ཐག་གཅོད་བྱས་པར་མ་ཟད། ཧུར་ཐག་སྒོས་ཕྱི་ཕྱོགས་སྒོ་འབྱེད་དང་ཚན་རྩལ་གསར་གཏོད། ལྷད་མེད་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་སྟེ། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱས་པས། དཔལ་འབྱོར་སྤྱི་ཕྱོགས་ནས་འཕར་སྣོན་བྱེད་པའི་སྣང་ཚུལ་བཟང་བོ་བྱུང་ཡོད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། འབྲུ་རིགས་ཐོན་སྐྱེད་ལ་ལོ་ལེགས་འབྱུང་བའི་རེ་བ་ཡོད་པ་དང་། མི་དམངས་ཀྱི་འཚོ་བ་བསྟུད་མར་ལེགས་བཅོས་བྱུང་ཡོད། སྤྱི་ཚོགས་ཀྱི་ཆེ་ཕྱོགས་ནས་གཏན་འཇགས་སྲུང་འཛིན་བྱས་ཡོད། རང་རྒྱལ་གྱི་ལུས་རྩལ་པ་དག་གིས་ཁྲིན་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་དང་ཧན་ཀྲིག་ཨེ་ཤ་ཡཱའི་ལུས་རྩལ་འགྲན་ཚོགས་སྟེང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ལ། གྲུབ་འབྲས་དེ་འདྲ་ཐོབ་པ་ལས་སླ་མོ་ཞིག་མ་ཡིན་པ་དང་མི་སེམས་འགུལ་བ་ཞིག་རེད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ལ་མྱུར་མོར་འཕེལ་འགྱུར་འབྱུང་བཞིན་ཡོད་ཅིང་། རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས། ང་ཚོ་མདུན་སྐྱོད་ཀྱི་ལམ་བུའི་སྟེང་ཉེན་ཁ་དང་འགྲན་རྩོད་མང་བོར་འཕྲད་བཞིན་ཡོད། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། འཐུས་ཚང་དང་ཡང་དག ཕྱོགས་ཡོངས་ནས་འཕེལ་རྒྱས་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མྱུར་དུ་འཛུགས་པ། ཆེ་མཐོང་ཚོད་འཛིན་སྙོམས་སྒྲིག་ལ་ཤུགས་སྣོན་བྱེད་པ་དང་རྒྱལ་ནང་གི་ནུས་ལྡན་དགོས་མཁོ་རྒྱ་བསྐྱེད་པ། ཚོང་གཉེར་ཚོགས་པའི་གསོན་ཤུགས་སྐུལ་སྤེལ་བྱེད་པ་བཅས་གནད་སར་བཟུང་སྟེ། རྒྱུན་ཆད་མེད་པར་དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ངང་ཇེ་བཟང་དུ་འགྲོ་བ་དང་ནང་གི་སྒུལ་ཤུགས་བསྟུད་མར་ཇེ་དྲག་ཏུ་འགྲོ་བ། སྤྱི་ཚོགས་ཀྱི་སྔོན་དཔག་རེ་བ་བསྟུད་མར་ལེགས་བཅོས་བྱེད་པ་དང་། ཟོལ་མེད་ཀྱིས་ཉེན་ཁ་ཆེན་པོར་དོགས་ཟོན་དང་ཞི་འཇགས་སུ་བཏང་སྟེ། ཧུར་ཐག་སྒོས་ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས། ང་ཚོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། བསྟུད་མར་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་བྱེད་པ་དང་གཏན་འཇགས་ངང་སྒྲིག་སྲོལ་དང་ལམ་ལུགས། དོ་དམ། ཚད་གཞི་སོགས་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་རྒྱ་བསྐྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་བཀག་མེད་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ལ་བསྟུན་ཤུགས་དང་གསོན་ཤུགས་སྔར་ལས་ཆེན་པོ་ལྡན་པར་བྱེད་དགོས། ང་ཚོས་མི་དམངས་ཀྱི་ཉིན་རེ་བཞིན་འཕར་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོར་དམིགས་ནས། དམངས་འཚོའི་འགན་སྲུང་ཤུགས་ཚད་ཇེ་ཆེར་གཏོང་བ་དང་ལས་ཞུགས་རྒྱ་བསྐྱེད་པ། མི་དམངས་མང་ཚོགས་ཀྱིས་འཕྲལ་ཁག་དཀའ་སྒུག་གི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་མ་མཐའི་འགན་སྲུང་རོགས་སྐྱོར་ལ་ཤུགས་སྣོན་བྱས་ནས་དབུལ་མཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བྱེད་པ་དང་། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་འབྱོར་ཕྱུག་ལ་ཡར་སྐུལ་བྱས་ཏེ། རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་ཇེ་དྲག་ཏུ་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་མུ་མཐུད་དུ་ཕྱོགས་ཡོངས་ཡང་དག་དང་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ཤིང་། རྒྱལ་གཅེས་མཁན་གྱིས་ཞང་ཀང་སྐྱོང་བ་དང་རྒྱལ་གཅེས་མཁན་གྱིས་ཨོ་མིན་སྐྱོང་བའི་རྩ་དོན་དངོས་འབེབས་བྱེད་དགོས་ལ། ཞང་ཀང་དང་ཨོ་མིན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོའི་ལེགས་བཅོས་ལ་རྒྱབ་སྐྱོར་བྱེད་པ་དང་། རང་སྟེང་གི་ཁྱད་ཆོས་དང་ཁྱད་སྟོབས་འདོན་སྤེལ་བྱས་ནས། ཧུར་ཐག་སྒོས་ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་མཚོ་ཁུགས་ས་ཁུལ་ཆེན་མོའི་འཛུགས་སྐྲུན་ནང་ཞུགས་ཏེ་ཞང་ཀང་དང་ཨོ་མིན་གྱི་དུས་ཡུན་རིང་བོའི་དར་རྒྱས་དང་གཏན་འཇགས་སྲུང་འཛིན་བྱེད་དགོས། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་དང་གོ་གཉིས་ལོའི་ཐུན་མོང་ལྟ་ཚུལ་རྒྱུན་འཁྱོངས་བྱས་ཤིང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཚོ་འགག་འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཇེ་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཞི་རྩའི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་ཕན་བདེ་ཇེ་ཆེར་གཏོང་དགོས། མེས་རྒྱལ་ཡོངས་སུ་གཅིག་གྱུར་བྱེད་པ་ནི་དམངས་ཀྱི་འདོད་ཕྱོགས་དང་དུས་རབས་ཀྱི་རླབས་རྒྱུན་ལ་མཐུན་པའི་ལོ་རྒྱུས་འཕེལ་ཕྱོགས་ཡིན་ལ། སྟོབས་ཤུགས་གང་རུང་གིས་དེར་བར་ཆད་གཏོང་ཐབས་མེད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་ཞི་བདེ་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱིས་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ཏེ། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ་དང་། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་ལེན་བྱས་ནས། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འདོན། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་བཅས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སོ་སོའི་མི་དམངས་བར་ལག་རྡང་སྦྲེལ་ནས་འབད་བརྩོན་ཆེན་པོས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱས་ཏེ་མིའི་རིགས་ཀྱི་མཛེས་སྡུག་གི་མ་འོངས་པ་མཉམ་བསྐྲུན་བྱེད་དགོས་ཞེས་གསུངས།
སྤྲོ་དགའི་རོལ་དབྱངས་ཁྲོད། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དག་གི་ཕོར་བ་བཏེགས་ནས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་བཞི་འཁོར་བར་མཉམ་དུ་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་དར་རྒྱས་སྟོབས་འབྱོར་ལྡན་པ་དང་མི་དམངས་བདེ་སྐྱིད་བདེ་ཐང་ཡོང་བ། ཀྲུང་གོའི་མི་དམངས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་མཛའ་བཤེས་ཡུན་དུ་གནས་པའི་སྨོན་འདུན་ཞུས།
སྣེ་ལེན་ཚོགས་འདུར་ཞུགས་མཁན་ལ་ད་རུང་པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་ཨུ་ཡོན། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མགོ་ཁྲིད་ལས་གནས་ལས་བབས་པའི་བློ་མཐུན། དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སྔོན་ཆད་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་ཁུར་མྱོང་བའི་བློ་མཐུན་བཅས་ཡོད།
ཀྲུང་དབྱང་ཏང་སྲིད་དམག་གསུམ་དང་མང་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིང་དུ་ཡོད་པའི་བྱས་རྗེས་གཟེངས་རྟགས་ཐོབ་མྱོང་མཁན་གྱི་འཐུས་མི། རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་དང་སྔོན་ཐོན་མི་སྣའི་འཐུས་མི། ཁྲིན་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་དང་ཧང་ཀྲིག་ཨེ་ཤ་ཡཱའི་ལུས་རྩལ་འགྲན་ཚོགས། ཨེ་ཤ་ཡཱའི་དབང་བོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་བཅས་ལ་ཞུགས་པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་འཐུས་མི། མི་རིགས་ས་ཁུལ་གྱི་གཏན་འཇགས་དང་འཕེལ་རྒྱས། མཐུན་སྒྲིལ་བཅས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་ཚབ་མི་སྣ། པེ་ཅིང་དུ་ཡོད་པའི་ཞང་གང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་མི་སྣ་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་མི་སྣ། ཐེ་ཝན་སྤུན་ཟླ། ཕྱི་སྡོད་རང་མིའི་འཐུས་མི་སྐོར་ཞིག ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པ་དང་། ཀྲུང་གོར་སྡོད་པའི་རྒྱལ་སྤྱིའི་རྩ་འཛུགས་སོ་སོའི་འཐུས་མི། ཕྱི་རྒྱལ་གྱི་ཆེད་མཁས་པ་སོགས་སྣེ་ལེན་ཚོགས་འདུར་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།