ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་སྲིད་གཞུང་གི་མཛའ་མཐུན་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་མིར་མཇལ་འཕྲད་གནང་།
2023.09.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 203

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་དགུ་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་སྲིད་གཞུང་གི་མཛའ་མཐུན་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་མིར་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞོའེ་ཞང་མཇལ་འཕྲད་ལ་ཞུགས།

ལིས་ཆང་གིས་ཕྱི་རྒྱལ་གྱི་ཆེད་མཁས་པ་དག་གིས་ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་དང་འཇོན་མི་གསོ་སྐྱོང་།  དེང་རབས་ཅན་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་བའི་ཐད་བཞག་པའི་བྱས་རྗེས་ལ་བཀའ་དྲིན་ཞུས།   ཁོང་གིས་བསྟན་དོན།   མིག་སྔར་གྱི་འཛམ་གླིང་ལ་མཁོ་བ་ནི་འགལ་ཟླ་དང་རྩོད་གཞི་མིན་པར།   མཛའ་བརྩེ་དང་མཉམ་ལས་ཡིན་ལ།   ཞི་བདེ་དང་འཕེལ་རྒྱས་ཡིན།   ཚང་མ་དཀའ་ཚེགས་ལ་མ་འཛེམ་པར་ཀྲུང་གོར་ཡོང་ནས་རང་སྟེང་གི་འགུལ་སྐྱོད་དངོས་ཀྱིས་བརྗེ་རེས་ལ་སྐུལ་འདེད་དང་མཉམ་ལས་ལ་ཤུགས་སྣོན།   མཛའ་བརྩེ་བརྒྱུད་སྒྲོག་བྱེད་པ་དེ་རྙོག་འཛིང་གི་འཛམ་གླིང་འདིར་ཤིན་ཏུ་མཁོ་གལ་ཆེ།

ལིས་ཆང་གིས་བསྟན་དོན།  ད་ལྟའི་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་།   ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་བཞི་ལྷག་གི་སྣེ་ཁྲིད་དེ་གཅིག་བསྡུས་སྒོས་དེང་རབས་ཅན་དུ་བསྐྱོད་བཞིན་ཡོད་ལ། དེ་ནི་སྔ་ན་མེད་པའི་རླབས་ཆེན་ལས་དོན་ཞིག་ཡིན་པ་དང་།   དེས་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་འདོན་སྤྲོད་བྱེད་ཐུབ་པ་དང་ལས་སྒྲུབ་ལས་སྐྲུན་གྱི་གར་སྟེགས་ཆེན་པོ་མཁོ་འདོན་བྱེད་ཐུབ།  སྒོ་འབྱེད་ཀྱི་ཀྲུང་གོས་འཛམ་གླིང་གི་ས་ཁུལ་སོ་སོའི་འཇོན་མི་ལ་དགའ་བསུ་བྱེད་བཞིན་ཡོད་ལ།   ཕྱི་རྒྱལ་གྱི་ཆེད་མཁས་པ་དག་མུ་མཐུད་དུ་ཀྲུང་གོའི་འཕེལ་རྒྱས་ཁྲོད་ཟབ་ཞུགས་བྱེད་པར་རེ་སྒུག་བྱས་ཡོད།  ཀྲུང་གོ་སྲིད་གཞུང་གིས་འབྲེལ་ཡོད་སྲིད་ཇུས་སྔར་ལས་ལེགས་སྒྱུར་བྱེད་པ་དང་ཕྱི་རྒྱལ་གྱི་ཆེད་མཁས་པའི་ཁྲིམས་མཐུན་ཁེ་དབང་ལ་སྔར་ལས་འགན་སྲུང་བྱས་ཏེ་བྱ་བ་དང་འཚོ་བའི་ཁོར་ཡུག་བཟང་བོ་བསྐྲུན་པར་འབད་པ་བྱེད་ངེས།

བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་རྣམས་ཀྱིས་ལིས་ཆང་གིས་མཇལ་འཕྲད་གནང་བ་དང་ཀྲུང་གོ་སྲིད་གཞུང་གི་བྱ་དགའ་གནང་བར་བཀའ་དྲིན་ཞུས་པ་དང་།   ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོ་དང་ཕྱི་ཕྱོགས་བར་གྱི་བརྗེ་རེས་དང་མཉམ་ལས་ཐད་མུ་མཐུད་སྟོབས་ཤུགས་འབུལ་རྒྱུའི་བསམ་ཚུལ་བསྟན།

རྒྱལ་སྲིད་ཨུ་ཡོན་ཝུའུ་ཀྲིན་ལུང་དང་ཧྲིན་དབྱི་ཆིན་མཇལ་འཕྲད་ལ་ཞུགས།

                                                                                                 ལྷ་མོ་ཚེ་རིང་གིས་བསྒྱུར།