
ཟླ་དགུ་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཨ་ཙུའུ་ལེ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་བར་གྱི་མཉམ་ལས་ལ་དོན་སྙིང་གལ་ཆེན་ལྡན་པ་དང་། དེ་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་བར་ཕན་པ་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བྱ་བར་རྒྱབ་སྐྱོར་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་དུ། འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་དང་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལས་དོན་མང་པོ་བསྒྲུབས་མྱོང་། འདི་ལྟ་བུའི་མཉམ་ལས་ནི་ཧ་ཅང་རྩ་ཆེན་ཡིན་པས། ཡུན་རིང་ལ་རྒྱུན་འཁྱོངས་བྱེད་འོས། འཛམ་གླིང་ནི་སྣ་མང་ཕུན་ཚོགས་ཀྱི་དཔལ་ཡོན་གྱིས་གྲུབ་པ་ཡིན་པ་ཞིང་། ཀྲུང་གོ་ནི་འཛམ་གླིང་སྟེང་རྒྱུན་རིང་བོའི་ལོ་རྒྱུས་དང་རིག་གནས་ཡོད་པའི་རྒྱལ་ཁབ་ཅིག་ཡིན། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་བར་སྔར་ལས་དམ་ཟབ་ཀྱི་མཉམ་ལས་སྤེལ་བ་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ནུས་པ་དང་ཆུ་ཚད་མཐོར་འདེགས་ལ་སྐུལ་འདེད་གཏོང་བ། དཔལ་ཡོན་སྣ་མང་ཕན་ཚུན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་བཟོད་སྒོམ་མཉམ་ལས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་གི་ཞི་བདེར་རོགས་འདེགས་བྱེད་པ་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོར་མི་གྲངས་དུང་ཕྱུར་བཅུ་བཞི་ལྷག་ཡོད་པ་དང་། ཀྲུང་གོས་བླངས་པའི་འཕེལ་རྒྱས་ཆེན་པོ་དེ་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ཐད་བཞག་པའི་བྱས་རྗེས་གལ་ཆེན་ཡིན། ཀྲུང་གོས་དུས་རབས་འདིའི་དུས་དཀྱིལ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འབད་པ་བྱེད་བཞིན་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བཞིན་ཡོད། དེ་བས། ཀྲུང་གོས་ཚན་རིག་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་རྒྱུན་འཁྱོངས་བྱེད་པ་དང་། སློབ་གསོ་དང་ཚན་རྩལ། རིག་གནས་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་བཏང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སོགས་ཕྱོགས་སོ་སོ་དང་མཉམ་དུ་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་སྤེལ་བར་མཐོང་ཆེན་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་དུ་འབད་པ་བྱས་ཏེ་འཛམ་གླིང་ཧྲིལ་བོའི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་འདོད་ཡོད།
ཨ་ཙུའུ་ལེ་ཡིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བྱ་བར་མཐོང་ཆེན་བྱས་པར་མ་ཟད་རྒྱབ་སྐྱོར་ཆེན་པོ་བྱས་ལ། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བུ་མོ་ལོ་ཆུང་དང་བུད་མེད་ཀྱི་སློབ་གསོའི་བྱ་དགའ་འཛུགས་པར་རྒྱབ་སྐྱོར་བྱས་པ་དེས་འཛམ་གླིང་ཧྲིལ་བོའི་བུད་མེད་དང་བུ་མོ་ལོ་ཆུང་གི་སློབ་གསོར་སྐུལ་འདེད་གཏོང་བར་བྱེད་ནུས་གལ་ཆེན་ཐོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་ཀྲུང་གོའི་བར་ཁྱབ་ཁོངས་མང་པོ་རུ་ཐུན་མོང་གི་ངོས་འཛིན་གལ་ཆེན་ཡོད་པར་མ་ཟད་མཉམ་ལས་བཟང་བོར་སྤེལ་བར་ཡིད་ཚིམས་ཡོད་ལ། ཀྲུང་གོ་དང་མཉམ་དུ་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཚན་རིག་དང་རིག་གནས། ལག་རྩལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ཏེ་རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་སྔར་ལས་མང་པོ་གཅིག་བསྡུས་བྱས་ནས་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་འཇོག་པར་རེ་བཞིན་ཡོད།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།