ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་བུད་མེད་དང་བྱིས་པའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། བུད་མེད་དང་བྱིས་པའི་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་གིས་བུད་མེད་དང་བྱིས་པའི་ལས་དོན་གྱི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་བུད་མེད་དང་བྱིས་པའི་ཁེ་དབང་འགན་སྲུང་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ལ། བུད་མེད་དང་བྱིས་པའི་འཕེལ་རྒྱས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་བཅོས་དང་བུད་མེད་དང་བྱིས་པའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྨྲ་བརྗོད་དབང་ཆ་དང་ཤུགས་རྐྱེན་ནུས་ཤུགས་མངོན་གསལ་ཇེ་དྲག་ཏུ་བཏང་བར་མ་ཟད། བུད་མེད་དང་བྱིས་པའི་ལས་དོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་དང་བྱིས་པ་འཕེལ་རྒྱས་ཀྱི་བགྲོད་ལམ་སྔར་ལས་ཡངས་པར་བྱས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལས་དོན་ལ་སྐུལ་འདེད་གཏོང་དགོས་ན། བུད་མེད་ནི་སྟོབས་ཤུགས་གཙོ་བོ་ཡིན་པ་དང་། བྱིས་པ་ནི་མ་འོངས་པའི་སྟོབས་གསར་དམག་དཔུང་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བུད་མེད་དང་བྱིས་པའི་ལས་དོན་འཕེལ་རྒྱས་དང་བུད་མེད་དང་བྱིས་པའི་ལས་དོན་བཟང་བོར་སྒྲུབ་པའི་གལ་ཆེན་རང་བཞིན་ཐད་ཀྱི་ངོས་ཟིན་ཇེ་ཟབ་ཏུ་གཏོང་དགོས་པ་དང་། ཕོ་མོ་འདྲ་མཉམ་ཀྱི་གཞི་རྩའི་རྒྱལ་ཇུས་དང་བྱིས་པ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། བུད་མེད་དང་བྱིས་པའི་འཕེལ་རྒྱས་རྩ་གནད་ལག་བསྟར་བྱེད་པ། བུད་མེད་དང་བྱིས་པའི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་གཏོང་བ། བུད་མེད་སྤྱི་ཚོགས་ཀྱི་ལས་དོན་ཁྲོད་ཞུགས་པར་ཆ་རྐྱེན་དང་སྟེགས་བུ་བསྐྲུན་པ་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ཏེ་བུད་མེད་ལ་བརྩི་བཀུར་དང་བྱིས་པར་གཅེས་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་དགོས། རྒྱ་ཆེའི་བུད་མེད་དང་བྱིས་པའི་བྱ་བ་སྒྲུབ་མཁན་རྣམས་ཀྱིས་ཐོག་མའི་སེམས་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་པ་དང་འབད་འཐབ་སྙིང་སྟོབས་དར་སྤེལ་གཏོང་བ། ལྷག་བསམ་ཟོལ་མེད་དང་བརྩེ་བ་ཟབ་མོ་བཅངས་ནས་འབད་པ་ཆེན་པོ་བྱས་ཏེ་རྒྱ་ཆེའི་བུད་མེད་རྣམས་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་རྒྱ་ཆེའི་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ་དང་། བུད་མེད་དང་བྱིས་པའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་ཆེན་པོ་འཇོག་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།