ལིས་ཆང་གིས་ཕྱི་རྒྱལ་གྱི་གསར་དུ་འགན་ཁུར་བའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པར་མཇལ་འཕྲད་གནང་།
2023.09.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 34

ཟླ་དགུ་པའི་ཚེས་ཉེར་བརྒྱད་ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ང་གཉིས་ཀྱི་གསར་དུ་འགན་ཁུར་བའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་དང་འཐུས་མིར་མཇལ་འཕྲད་གནང་།

ལིས་ཆང་གིས་གཞུང་ཚབ་པ་དང་འཐུས་མི་རྣམས་ཀྲུང་གོར་ཡོང་ནས་ལས་འགན་གསར་པ་ལག་བསྟར་བྱེད་པར་དགའ་བསུ་ཞུས་པ་དང་།  ཀྲུང་གོས་རྒྱལ་ཁབ་སོ་སོ་དང་རྒྱལ་སྤྱིའི་རྩ་འཛུགས་སོ་སོའི་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་།  ཀྲུང་གོ་སྲིད་གཞུང་གིས་གཞུང་ཚབ་པ་དང་འཐུས་མི་རྣམས་ཀྱིས་ཀྲུང་གོ་ནས་ལས་འགན་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་སྟབས་བདེ་འདོན་སྤྲོད་བྱེད་ངེས་ཡིན་ལ།  ཚང་མ་ཀྲུང་གོ་དང་ཕྱི་ཕྱོགས་བར་གྱི་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་ཡིད་ཆེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་ལྟ་བུ་བྱེད་པར་རེ་བཞིན་ཡོད།

ལིས་ཆང་གིས་བསྟན་དོན།  ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ།   མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་ཤུགས་བཏོན་ནས་ཕྱོགས་སོ་སོ་དང་མཉམ་དུ་ལག་རྡང་སྦྲེལ་ཏེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་གཏན་འཁེལ་རང་བཞིན་དང་གཏན་འཇགས་རང་བཞིན།  དྲང་ནུས་བཅས་མང་པོ་སྣོན་བཞིན་ཡོད།  མིག་སྔར།   ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད་ལ།   དཔལ་འབྱོར་འཕར་སྣོན་སྤྱིའི་ཆ་ནས་བཟང་ཕྱོགས་སུ་འཕེལ་བཞིན་ཡོད་པ་དང་།   མ་འོངས་པའི་འཕེལ་རྒྱས་མདུན་ལྗོངས་འོད་སྟོང་ལྡན་པས།   འཛམ་གླིང་ཧྲིལ་བོའི་དཔལ་འབྱོར་སླར་གསོ་དང་རྒྱུན་མཐུན་འཕེལ་རྒྱས་ཐད་སྒུལ་ནུས་གསར་པ་མང་པོ་སྣོན་ཐུབ་ངེས། ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང་།   གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་ནན་མོ་བྱེད་པ།  ཕྱོགས་སོ་སོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱས་ཏེ་མཉམ་ལས་ཁྲོད་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་ཕན་བདེ་བསྐྲུན་ངེས།

ཀྲུང་གོར་སྡོད་པའི་གཞུང་ཚབ་པ་དང་འཐུས་མིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་དོན་བཞི་འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་།   ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་བླངས་པའི་གྲུབ་འབྲས་ལ་བསྟོད་བསྔགས་ཆེན་པོ་བྱས་ལ།   ཀྲུང་གོས་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལས་དོན་ཐད་བཞག་པའི་བྱས་རྗེས་གལ་ཆེན་ལ་གདེང་འཇོག་ཆེན་པོ་བྱས་པར་མ་ཟད།   རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་སོ་སོ་དང་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་པར་བྱེད་ནུས་འདོན་སྤེལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

                                                                                                       ལྷ་མོ་ཚེ་རིང་གིས་བསྒྱུར།