ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་ཐོན་ལ་ཡོད་པའི་སྐབས་ཏེ་ཟླ་དགུ་པའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་གྱི་སྔོན་གཤེགས་དཔའ་བོའི་བུ་དང་བུ་མོར་འཕྲིན་ལན་བསྐུར་ཏེ་ཁོ་ཚོར་རེ་བ་ནན་མོ་བཅོལ་བ་དང་སྤྱི་བདེ་སྔོན་གཤེགས་དཔའ་བོའི་ཁྱིམ་མིར་འཚམས་འདྲི་གནང་།
ཞི་ཅིན་ཕིང་གིས་འཕྲིན་ལན་ཁྲོད་དུ། ཁྱོད་ཚོས་ཏང་ལ་དྲིན་ལན་འཇལ་བའི་སེམས་པ་བཅངས་པ་དང་བློ་ཐག་རྦད་ཆོད་སྒོས་སྔོན་རབས་པའི་དར་ཆ་སྒྲེང་ནས་བདེ་འཇགས་ཀྲུང་གོར་སྲུང་སྐྱོབ་བྱེད་པར་ལང་ཚོའི་སྟོབས་ཤུགས་འབུལ་བཞིན་པ་ཤེས་པས། ང་ཧ་ཅང་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་ཞེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱེད་པ་དང་། མི་དམངས་ཀྱི་བདེ་སྐྱིད་དང་བདེ་འཇགས་སྲུང་སྐྱོབ་བྱེད་པ་ནི་མི་དམངས་ཉེན་རྟོག་པའི་བླ་ན་མེད་པའི་འགན་འཁྲི་ཡིན། ཁྱོད་ཚོའི་སྔོན་རབས་པ་རྣམས་ཀྱིས་འགན་འཁྲི་ཁག་ཁུར་བཟང་བོ་བྱས་པ་དང་བྱས་རྗེས་བླ་མེད་བཞག་པས། ཁོ་ཚོའི་སྙིང་སྟོབས་ནི་ནམ་ཡང་བརྗེད་མི་རུང་བ་དང་དར་སྤེལ་གཏོང་དགོས། ཁྱོད་ཚོས་སྔོན་གཤེགས་དཔའ་བོ་རྣམས་མིག་དཔེར་བཟུང་ནས་ཕུགས་བསམ་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་སྙིང་རུས་ཆེན་པོས་སློབ་སྦྱོང་དང་སྦྱོང་བརྡར་བྱེད་པ། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འཇོན་ནུས་ཆེན་པོ་སྦྱོང་བ། ཏང་དང་མི་དམངས་ལ་བློ་དཀར་བའི་སྲུང་དམག་བྱས་ཏེ་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པར་འབད་འཐབ་བྱེད་པ་དང་། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ད་ལྟའི་བར་དུ། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པ་ཁྲི་གཅིག་སྟོང་བདུན་ལྷག་གིས་གཞུང་དོན་དུ་ཚེ་སྲོག་ཤོར་བ་དང་། དེའི་ཁྲོད་ཀྱི་མི་སྟོང་གསུམ་དང་བདུན་བརྒྱ་ལྷག་ལ་སྔོན་གཤེགས་དཔའ་བོའི་མཚན་སྙན་གནང་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་ལེགས་ཅན་གྱི་འཐུས་མིར་ཐེངས་མང་པོར་མཇལ་འཕྲད་གནང་ནས་སྤྱི་བདེ་དཔའ་བོ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་གཞུང་དོན་དུ་ཚེ་སྲོག་ཤོར་བའི་བློ་མཐུན་གྱི་ཁྱིམ་མིར་བདག་སྐྱོང་བཟང་བོ་བྱེད་པའི་ཐད་བླང་བྱ་བཏོན། ཉེ་ལམ། ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་གྱི་སྔོན་གཤེགས་དཔའ་བོའི་བུ་དང་བུ་མོ་བརྒྱད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ་སློབ་གྲྭར་ཡོད་པའི་སྐབས་ཀྱི་སློབ་སྦྱོང་སྦྱོང་བརྡར་གནས་ཚུལ་དང་འཚར་ལོངས་ཀྱི་མྱོང་ཚོར་སྙན་ཞུ་བྱས་པ་དང་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་ཐད་སྟོབས་ཤུགས་འབུལ་རྒྱུའི་ཆོད་སེམས་བསྟན།
ལྷ་མོ་ཚེ་རིང་གིས་བསྒྱུར།