རང་ཞིང་གིས་ཉིས་སྟོང་ཉེར་གསུམ་ལོའི་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོའི་བྱ་འགུལ་སྤེལ།
2023.10.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་དགུ་པའི་ཚེས་སུམ་ཅུའི་ཉིན་ནི་རང་རྒྱལ་གྱི་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོ་ཐེངས་བཅུ་པ་ཡིན་པ་དང་། ཉིན་དེའི་སྔ་དྲོར། རང་ཞིང་གིས་ཟི་ལིང་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོ་ནས་ཉིས་སྟོང་ཉེར་གསུམ་ལོའི་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོའི་བྱ་འགུལ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་སོགས་ཞིང་ཆེན་གྱི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་ཀྱིས་ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོའི་འཐུས་ཚབ་དང་མཉམ་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་དུ་མེ་ཏོག་ཕྲེང་བ་ཕུལ་ནས། སྔོན་གཤེགས་དཔའ་བོའི་ལག་རྗེས་ཆེན་པོར་རྗེས་དྲན་བྱས་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མདུན་སྐྱོད་སྟོབས་ཤུགས་གཅིག་ཏུ་བསྒྲིལ།

སྔ་དྲོའི་དུས་ཚོད་དགུའི་སྟེང་། བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་གྲགས་པ་དང་བསྟུན་ནས། ཚོགས་རའི་མི་ཡོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དེའི་རྗེས། ཚོགས་རའི་མི་ཡོངས་ཡར་ལངས་ནས་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས། མྱ་ངན་ཞུས་རྗེས། ན་ཆུང་གདོན་ལེན་རུ་མིས་ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན་ཞེས་པའི་གླུ་དབྱངས་བླངས།

མེ་ཏོག་འབུལ་བའི་གླུ་དབྱངས་ཀྱི་འགྱུར་ཁུག་ཁྲོད། གུས་དམག་བཅོ་བརྒྱད་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་དམག་ཁུལ་དང་མཚོ་སྔོན་དུ་སྡོད་པའི་བཅིངས་འགྲོལ་དམག དྲག་ཆས་དམག་དཔུང་། དམངས་གཙོ་ཏང་ཁག་སོ་སོ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་རྒྱལ་གཅེས་མི་སྣ། ཞིང་ཆེན་གྱི་མི་དམངས་ཚོགས་པ་དང་ལས་རིགས་སོ་སོའི་མང་ཚོགས། དམག་མི་རྒན་པ་དང་བློ་མཐུན་རྒན་པ། སྔོན་གཤེགས་དཔའ་བོའི་ཁྱིམ་མི། ཞིང་ཆེན་ན་ཆུང་གདོང་ལེན་རུ་ཁག་བཅས་ཀྱིས་ཕུལ་བའི་མེ་ཏོག་ཕྲེང་བ་རྗེས་དྲན་རྡོ་རིང་གི་མདུན་དུ་བསྒྲིགས། མེ་ཏོག་ཕྲེང་བའི་གོས་ཐག་སྟེང་གསར་བརྗེ་སྔོན་གཤེགས་དཔའ་བོ་ཇི་སྲིད་བར་མི་ནུབ་པར་གྱུར་ཅིག་ཅེས་བྲིས་ཡོད།

ཁྲིན་ཀང་མེ་ཏོག་ཕྲེང་བའི་མདུན་དུ་ལངས་ནས་གུས་ཞུ་བྱས་པར་མ་ཟད། མེ་ཏོག་ཕྲེང་བའི་གོས་ཐག་ལེགས་སྒྲིག་བྱས། དེའི་རྗེས། རྗེས་དྲན་རྡོ་རིང་ལ་སྐོར་བརྒྱབ་ནས་མཇལ་ཞུ་བྱས་ཏེ། གསར་བརྗེ་སྔོན་གཤེགས་དཔའ་བོར་ཆེས་བླ་ན་མེད་པའི་དད་གུས་ཞུས། རང་ཞིང་གི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་དང་ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོའི་་འཐུས་ཚབ་མི་སྣས་རིམ་པ་བཞིན་རྗེས་དྲན་རྡོ་རིང་ལ་སྐོར་རྒྱག་མཇལ་ཞུ་བྱས་ནས། གསར་བརྗེ་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་གིས་མེ་ཏོག་ཕྲེང་བ་འབུལ་བའི་མཛད་སྒོར་འགོ་འཛིན་བྱས། ཟི་ལིང་དུ་ཡོད་པའི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་དང་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་འགོ་ཁྲིད། དམག་མི་རྒན་པ། སྔོན་གཤེགས་དཔའ་བོའི་ཁྱིམ་མི། ལོ་ཆུང་གདོང་ལེན་རུ་མི། བཅིངས་འགྲོལ་དམག་དང་དྲག་ཆས་དམག་དཔུང་གི་དཔོན་དམག ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་ཚབ་སོགས་མི་བཞི་བརྒྱ་ལྷག་མཛད་སྒོར་ཞུགས།

མཛད་སྒོར་ཞུགས་པའི་ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོའི་འཐུས་ཚབ་ཀྱིས་བསྟན་དོན། གསར་བརྗེ་སྔོན་གཤེགས་དཔའ་བོས་ཏང་དང་མི་དམངས་ཀྱི་ཆེད་དུ་དཔའ་སྐྱེད་བློས་གཏོང་བྱས་པའི་བླ་མེད་སྙིང་སྟོབས་ཀྱིས་མི་སེམས་འགུལ་བར་བྱེད་པ་དང་། མི་རབས་རྗེས་མས་ནམ་ཡང་བརྩི་བཀུར་དང་རྗེས་དྲན་བྱེད་འོས། སྔོན་གཤེགས་དཔའ་བོའི་བསམ་འདུན་རྒྱུན་འཛིན་བྱེད་པ་དང་འབད་འཐབ་ཡར་ཐོན་བྱེད་པ་དང་། དངོས་གཉེར་ཁག་ཁུར་གྱིས་དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་སྟེང་སྔོན་གཤེགས་དཔའ་བོར་ངོ་གནོང་མི་དགོས་པ་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་འབད་བརྩོན་གྱི་བྱས་རྗེས་འཇོག་དགོས།

རིན་ཆེན་མཚོས་བསྒྱུར།