གསར་འགོད་པས་ཉེ་ལམ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་དུ། ཡུས་ཧྲུའུ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་ཁྲིད་འོག ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཚགས་དམ་རིགས་ཀྱི་སྨན་བཅོས་ཞབས་ཞུ་གཅིག་མཐུན་ཚོགས་པའི་ཆ་འཕྲིན་སྟེགས་བུའི་ཚོད་ལྟ་འཛུགས་སྐྲུན་བྱས་པ་དང་། དྲ་ཐོག་རོགས་འདེགས་སྨན་བཅོས་དང་རྒྱང་བརྟེན་མཉམ་བསྡུས་ནད་དཔྱད། རྒྱང་བརྟེན་སྙིང་གློག རྒྱང་བརྟེན་གཟུགས་བརྙན་སོགས་བརྒྱུད་དེ། གཞི་རིམ་ཞིབ་བཤེར་དང་གོང་རིམ་ནད་དཔྱད་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་།
ཡུས་ཧྲུའུ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་དྲ་རྒྱ་དང་སྨན་བཅོས་ཟུང་འབྲེལ་གྱི་མ་དཔེ་གསར་བ་འཚོལ་ཞིབ་བྱས་ནས། གཞི་རིམ་གྱི་སྨན་པ་དཀའ་བཅུ་པའི་རྩལ་ནུས་དང་ཞབས་ཞུ་ཆུ་ཚད་མཐོར་འདེགས་གཏོང་ཆེད། ཁུལ་ཡོངས་ཀྱི་དྲ་ཐོག་སྨན་བཅོས་རྒྱང་བརྟེན་སློབ་གསོའི་སྟེགས་བུ་བཙུགས་པ་དང་། དེ་ནི་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་གི་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་བྱེད་ནུས་ཆེས་ཆ་ཚང་བ་དང་ཁེབས་རྒྱ་ཆེས་ཆེ་བ། ཕན་འབྲས་ཆེས་བཟང་བའི་སྨན་བཅོས་སློབ་གསོའི་ཐོན་ཁུངས་རང་བསྐྲུན་ལྟེ་གནས་ཡིན། མིག་སྔའི་བར་དུ། བསྡོམས་པས་དྲ་ཐོག་གསོ་སྦྱོང་སློབ་ཁྲིད་འཆད་ཁྲིད་དང་དམངས་ཡོངས་བདེ་ཐང་སློབ་གསོ་བརྒྱ་དང་དྲུག་ཅུ་བཀོད་སྒྲིག་བྱས་པ་དང་། མི་ཁྲི་ལྔ་དང་སྟོང་དྲུག་བཞི་བརྒྱས་བལྟ་སྦྱོང་བྱས།
བདེ་ཐང་ཡུས་ཧྲུའུ་ཡི་སྐད་འཕྲིན་སྤྱི་སྟེགས་དང་མཉེན་ཆས་ཆུང་བ་བཙུགས་པ་དང་། མཉམ་འབྲེལ་དྲ་རྒྱའི་བདེ་ཐང་དམངས་ཕན་ཞབས་ཞུ་སྟེགས་བུ་འདོན་སྤྲོད་བྱས། མིག་སྔར། ཡུས་ཧྲུའུ་གྲོང་ཁྱེར་སྨན་བཅོས་ཞབས་ཞུ་གཅིག་མཐུན་ཚོགས་པའི་ཁོངས་གཏོགས་གཞིས་ཁུལ་བཅུ་གཉིས་ཀྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ལ་སྦྲེལ་མཐུད་བྱས་པ་དང་། རྗེས་ཕྱོགས་སུ་ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལྔ་བཅུ་དང་གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་། ཁུལ་རིམ་པའི་མི་དམངས་སྨན་ཁང་དང་བོད་སྨན་ཁང་། བུད་མེད་བྱིས་པའི་བདེ་སྲུང་ཁང་། རྫོང་རིམ་པའི་སྨན་བཅོས་ལས་ཁུངས་སོ་སོ་སོགས་ཀྱི་ཁྲོད་འཇོག་རྒྱུ་རེད། བདེ་ཐང་ཡུས་ཧྲུའུ་ཡི་མཉམ་འབྲེལ་དྲ་རྒྱའི་རིག་སྟོབས་ཞབས་ཞུ་བརྒྱུད་དེ། ནད་བརྟག་སྨན་བཅོས་ཞབས་ཞུ་དང་རྩིས་རྒྱག་དངུལ་སྤྲོད། ནད་པའི་སྨན་བཀོལ། བདེ་ཐང་བློ་འདྲི་སོགས་དམངས་ཕན་ཞབས་ཞུ་ཡོངས་སུ་ཁེབས་པར་བྱས། དེ་དང་མཉམ་དུ། ཁུལ་འཕྲོད་བསྟེན་བདེ་ཐང་གཞི་གྲངས་ལྟེ་གནས་ལ་རྒྱབ་བརྟེན་ནས། གཞི་རིམ་སྨན་བཅོས་ཆ་འཕྲིན་མ་ལག་གི་ཞབས་ཞུའི་སྟེགས་བུ་བཙུགས་པ་དང་། མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་གཞི་རིམ་སྨན་བཅོས་ལས་ཁུངས་ལྔ་བཅུའི་ཁྲོད་ཕྱོགས་ཡོངས་ནས་སྨན་བཅོས་འགན་སྲུང་གི་ས་ཚིགས་གཅིག་རང་བཞིན་གྱི་དྲ་འབྲེལ་རྩིས་རྒྱག་ཞབས་ཞུ་ལག་བསྟར་བྱས།
རིན་ཆེན་མཚོས་བསྒྱུར།