ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་དཔྱད་ཞིབ་གཞུང་སྒྲུབ་ཁང་གིས་ཟི་ལིང་ནས་ཞིང་ཆེན་ཡོངས་ཀྱི་དཔྱད་ཞིབ་བྱ་བའི་བྱེད་སྒོའི་གསོ་སྦྱོང་ཞིབ་བསྡུར་འཛིན་གྲྭ་སྒྲུབ། གྲོང་ཁྱེར་དང་ཁུལ་སོ་སོའི་དཔྱད་ཞིབ་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། ཞིང་ཆེན་གྱིས་དོ་དམ་བྱེད་པའི་མཐོ་རིམ་སློབ་གྲྭ། རྫོང་དང་གྲོང་ཁྱེར། ས་ཁུལ་བཅས་ཀྱི་རྩ་འཛུགས་མི་དོན་སྡེ་ཁག་བཅས་ཀྱི་མི་བརྒྱ་དང་བཅོ་ལྔ་གསོ་སྦྱོང་ལ་ཞུགས།
ཞིབ་བསྡུར་འཛིན་གྲྭས་ལས་བྱེད་པའི་དཔྱད་ཞིབ་ཀྱི་གཞུང་ལུགས་གལ་ཆེན་དང་སྲིད་ཇུས་ལམ་ལུགས། བྱེད་སྒོའི་ཤེས་བྱ་བཅས་ལ་སློབ་སྦྱོང་བྱས་པ་དང་། བྱ་བའི་ཉམས་མྱོང་དང་བསམ་ཕྱོགས་བྱེད་ཐབས་ལ་བརྗེ་རེས་ཞིབ་བསྡུར་བྱས་པ་བརྒྱུད། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་དཔྱད་ཞིབ་བྱ་བའི་མི་སྣའི་སྲིད་ཇུས་ཆུ་ཚད་དང་བྱེད་སྒོའི་ནུས་པ་མཐོར་འདེགས་བྱས། དེའི་ཞོར་དུ་ཞིབ་བསྡུར་འཛིན་གྲྭས་ཕྱིན་ཆད་ཀྱི་ཞིང་ཆེན་ཡོངས་ཀྱི་དཔྱད་ཞིབ་བྱ་བའི་སྤུས་ཚད་ཐད་ནས་དཔྱད་ཞིབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལ་བྱ་བའི་རེ་བཏོན། རྒྱུན་ཆད་མེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་བྱེད་པའི་དཔྱད་ཞིབ་བྱ་བའི་ཐད་བཏོན་པའི་རེ་བ་གསར་བ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བའི་ཐད་བཏོན་པའི་བཀོད་སྒྲིག་གསར་བར་སློབ་སྦྱོང་བྱེད་པ་དང་། བསྟུད་མར་སློབ་སྦྱོང་གསོ་སྦྱོང་ལ་ཤུགས་སྣོན་བྱས་ནས། དུས་རབས་གསར་བར་འཚམ་པ་དང་བཀོད་སྒྲིག་གསར་བ་དངོས་འབེབས་བྱེད་པ། དམིགས་འབེན་གསར་བ་ཡོངས་འགྲུབ་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས། ཆབ་སྲིད་ཀྱི་བརྡར་གཅོད་དང་ཆེ་ཕྱོགས་དམ་འཛིན། སྲིད་ཇུས་བེད་སྤྱོད། ཕྱོགས་བསྡུས་བསྡུར་གཅོད། བརྡ་འཕྲིན་བསྡུ་ལེན། བདེན་སྲུང་གསར་གཏོད་སོགས་ཀྱི་གཞི་རྩའི་ནུས་པ་མཐོར་འདེགས་བྱས་ཏེ། བྱ་བའི་སྤུས་ཚད་ཇེ་མཐོར་གཏོང་བའི་ཐད་རྨང་གཞི་བརྟན་པོ་འདིང་དགོས། རྒྱུན་ཆད་མེད་པར་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ཕྱོགས་སོ་སོའི་སྟོབས་ཤུགས་ལ་གཅིག་འདོམས་བྱེད་པ། ཕྱོགས་སོ་སོའི་ཁྱད་སྟོབས་འདོན་སྤེལ་བྱེད་པ། རྩ་འཛུགས་སྡེ་ཁག་དང་འགན་ནུས་སྡེ་ཁག་གིས་རང་གི་འགན་འཁྲི་ལག་བསྟར་བྱས་ནས་ཁྱད་སྟོབས་ཁ་གསབ་བྱེད་པར་སྐུལ་འདེད་བཏང་སྟེ། ལས་བྱེད་པའི་དཔྱད་ཞིབ་དང་བྱེད་སྒོའི་དཔྱད་ཞིབ་གཅིག་འདོམ་མཐུན་སྦྱོར་བྱས་ནས་ཕན་འབྲས་ཐོན་པར་བྱེད་དགོས། ཆེད་ལས་དཔུང་སྡེ་འཛུགས་སྐྲུན་བྱེད་པར་དོ་སྣང་བྱེད་པ་དང་། ལས་ཁུངས་ཀྱི་བཀོད་སྒྲིག་དང་མི་སྣའི་བཀོད་སྒྲིག་ཐད་སྔར་ལས་རྒྱབ་སྐྱོར་ཆེན་པོ་ཐོབ་པར་བྱས་ཏེ། ཕུལ་དུ་བྱུང་བའི་ལས་བྱེད་པ་སྐོར་ཞིག་བདམས་ནས། ཞོར་འགན་ཁུར་བའི་དཔྱད་ཞིབ་མི་སྣའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་པར་འཚོལ་ཞིབ་བྱས་ཏེ་དཔྱད་ཞིབ་བྱ་བར་བལྟོས་བཅས་ཀྱིས་གཏན་འཇགས་ཡིན་པའི་ནུས་ལྡན་དཔུང་སྡེ་འདོན་སྤྲོད་བྱེད་དགོས།
བསོད་ནམས་ཚེ་རིང་གིས་བསྒྱུར།