རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་བའི་ཚེས་གསུམ་ཉིན་མུའུ་དབྱེ་ཙི་ལ་གློག་འཕྲིན་བཏང་སྟེ། ཁོ་རང་མར་ཏའེ་ཝེའི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མར་ཏའེ་ཝེའི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་རྒྱུན་རིང་ཞིང་། ཀྲུང་གོ་དང་མར་ཏའེ་ཝེ་རྒྱལ་ཁབ་གཉིས་ཀྱིས་ལྷག་བསམ་རྣམ་དག་གིས་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རོགས་རེས་བྱེད་པའི་གྲོགས་པོ་ཡིན་པར་མ་ཟད། ལག་རྡང་སྦྲེལ་ནས་འཕེལ་རྒྱས་གཏོང་བ་དང་ཐུན་མོང་དར་རྒྱས་སུ་འགྲོ་བའི་གྲོགས་པོ་ཡིན། བདག་གིས་ཀྲུང་གོ་དང་མར་ཏའེ་ཝེའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ལ། གསར་དུ་བདམས་པའི་ཙུང་ཐུང་མུའུ་དབྱེ་ཙི་དང་མཉམ་དུ་འབད་བརྩོན་བྱས་ནས། སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་དང་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མ་འོངས་པར་ཁ་ཕྱོགས་པའི་ཕྱོགས་ཡོངས་ཀྱི་མཛའ་མཐུན་མཉམ་ལས་གྲོགས་པོའི་འབྲེལ་བར་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
བསོད་ནམས་ཚེ་རིང་གིས་བསྒྱུར།