ཝུའུ་ཞའོ་ཅུན་གྱིས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་ལས་རེས་དང་བདེ་འཇགས་ཐོན་སྐྱེད་བྱ་བར་ཞིབ་བཤེར་བྱས།
2023.10.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 58

ཟླ10བའི་ཚེས3ཉིན།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་ལས་རེས་དང་བདེ་འཇགས་ཐོན་སྐྱེད་བྱ་བར་ཞིབ་བཤེར་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ནན་ཏན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་ཏང་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། དུས་ངེས་མེད་དུ་སེམས་བདེ་ལ་འབབ་ཐབས་མེད་པའི་འགན་འཁྲིའི་འདུ་ཤེས་ཀྱིས་མི་དམངས་མང་ཚོགས་ཀྱིས་བདེ་འཇགས་སྤྲོ་སྐྱིད་ཀྱི་དུས་ཆེན་ཞིག་རོལ་བར་ཤུགས་ཆེན་པོས་འགན་སྲུང་བྱེད་དགོས།

ཞིང་ཆེན་སྲིད་གཞུང་གི་སྤྱིའི་ལས་རེས་ཁང་ནས། ཝུའུ་ཞའོ་ཅུན་གྱིས་བརྙན་རིས་ལྟ་རྟོག་མ་ལག་བརྒྱུད་དེ་མཛེས་ལྗོངས་གཙོ་བོ་དང་འགྲིམ་འགྲུལ་ལྟེ་གནས་ཀྱི་འཁོར་སྐྱོད་གནས་ཚུལ་སོགས་ལ་བལྟས་པ་དང་། ལས་རེས་དང་བརྡ་འཕྲིན་སྙན་ཞུ། འཕྲལ་སྒྲུབ་ཐག་གཅོད་སོགས་ཀྱི་བྱ་བར་ཞིབ་བཤེར་བྱས། ཁོས་བཤད་རྒྱུར། ལས་རེས་བྱ་བ་ནི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བཀག་མེད་དུ་འབྲེལ་གཏུག་བྱེད་པ་དང་། འགན་འཁྲི་ལག་བསྟར་བྱེད་པ། ཕན་ནུས་མཐོ་བའི་འཁོར་སྐྱོད་བཅས་ཀྱི་འགན་སྲུང་གལ་ཆེན་ཞིག་ཡིན་ཞིང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ལས་རེས་བྱ་བའི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱུན་ཆད་མེད་པར་ལྟ་རྟོག་ཚད་འཇལ་གྱི་ཉེན་བརྡའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཟོལ་མེད་ཀྱིས་བརྡ་འཕྲིན་བཀག་མེད་དང་ཚུར་སྣང་མྱུར་བ། མཐུན་སྦྱོར་ཤུགས་ཚད་ཆེ་བ། འཁོར་སྐྱོད་ནུས་མཐོ་བཅས་ཡོང་བར་བྱེད་དགོས།

ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་གྱི་བཀོད་འདོམ་ལྟེ་གནས་སུ། ཝུའུ་ཞའོ་ཅུན་གྱིས་བརྙན་རིས་འབྲེལ་གཏུག་ལ་བརྟེན་ནས། ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་སོགས་ས་ཁུལ་དང་སྡེ་ཁག་གི་དུས་ཆེན་སྐབས་ཀྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་མཚམས་སྦྱོར་ལ་ཉན་པར་མ་ཟད། རེ་རེ་བཞིན་དུ་བྱ་བའི་རེ་བ་བཏོན། ཁོས་བསྟན་དོན། མ་མཐའི་ཚད་ཐིག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གཏེར་ཁ་དང་ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས། མེ་གསོད། འགྲིམ་འགྲུལ་སྐྱེལ་འདྲེན། མཛེས་ལྗོངས་ས་ཁུལ། བཟོ་སྐྲུན་ལས་ཡུལ། མཁར་གྲོང་གི་སོལ་རླངས་སོགས་ལས་རིགས་ཁྱབ་ཁོངས་གཙོ་བོར་དམ་པོར་དམིགས་ཏེ། ཉེན་ཁའི་རྐྱེན་ངན་སྣ་ཚོགས་རྩད་གཅོད་དང་དག་ཐེར་བཅོས་སྐྱོང་བྱེད་དགོས་པ་དང་། ཏན་ཏིག་གིས་གངས་ཆར་འཁྱག་རོམ་གྱི་གནོད་འཚེ་དང་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་ཉེན་ཁ་སོགས་ཀྱི་ལྟ་ཞིབ་ཚད་འཇལ་ཉེན་གཏོང་དང་འཕྲལ་སྒྲུབ་ཐག་གཅོད་བྱ་བ་བཟང་བོར་བསྒྲུབས་ནས། དོན་རྐྱེན་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་དོགས་ཟོན་དང་བཀག་འགོག་བྱེད་དགོས།

དམངས་འཚོའི་ཚོང་ཟོང་གི་མཁོ་འདོན་དང་རིན་གོང་གཏན་འཇགས་ལ་འགན་སྲུང་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། རིན་གོང་གི་ལྟ་ཞིབ་ཚད་འཇལ་ཉེན་གཏོང་ལ་ཤུགས་སྣོན་བྱེད་པ། སྤུས་ལེགས་མཁོ་འདོན་ཇེ་མང་དུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་དུས་ཆེན་སྐབས་སུ་མི་དམངས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་བསྐང་དགོས་ཟེར།

མཚོ་སྔོན་ཟམ་མགོའི་གློག་འདོན་ཚད་ཡོད་འགན་འཁྲིའི་ཀུང་ཟིའི་ལས་སྐྲུན་ཡུལ་དངོས་ནས།  ཝུའུ་ཞའོ་ཅུན་གྱིས་བཟོ་སྐྲུན་གྱི་འཕེལ་རིམ་དང་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས་ནན་གྱིས་བསྟན་དོན། ཁེ་ལས་གཙོ་བོའི་འགན་འཁྲི་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་། བདེ་འཇགས་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། བདེ་འཇགས་དོ་དམ་སྒྲིག་སྲོལ་ལམ་ལུགས་དང་འཕྲལ་སྒྲུབ་ཇུས་གཞི་འཐུས་ཚང་དུ་གཏོང་བ། ནན་ཏན་གྱིས་བདེ་འཇགས་ཐོན་སྐྱེད་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་བཟོ་སྐྲུན་གྱི་སྤུས་ཚད་ལ་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཚན་རིག་དང་མཐུན་པར་ལས་སྐྲུན་དོ་དམ་བྱ་བ་ལེགས་བསྒྱུར་བྱེད་པ་དང་། ཤུགས་ཆེན་པོས་ལས་སྐྲུན་མྱུར་ཚད་ལ་སྐུལ་འདེད་གཏོང་བ། ལྷད་མེད་དང་ཐཱན་ཉུང་། རིག་ནུས་ཅན་གྱི་ཕུལ་བྱུང་བཟོ་སྐྲུན་དང་དཔེ་སྟོན་བཟོ་སྐྲུན་གསར་བསྐྲུན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་སྩོལ་དགོས།

རྟོག་ཞིབ་བྱེད་སྐབས་ཝུའུ་ཞའོ་ཅུན་གྱིས་དུས་ཆེན་སྐབས་སུ་ལས་གནས་བརྟན་སྲུང་བྱེད་པའི་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་བྱས་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མི་དམངས་དཀྱིལ་སྙིང་དུ་བཟུང་བའི་འཕེལ་རྒྱས་བསམ་ཕྱོགས་ཆགས་པར་བྱེད་པ་དང་། སྔར་ལས་མཐོ་བའི་ཚད་གཞི་དང་སྔར་ལས་གཟབ་ནན་གྱི་རེ་བ། སྔར་ལས་ལྷག་པའི་བྱེད་ཐབས། སྔར་ལས་བཟང་བའི་སྤྱོད་ཚུལ་བཅས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོའི་ལེགས་བཅོས། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱས་ཏེ། རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་ཇེ་དྲག་ཏུ་གཏོང་དགོས་པའི་རེ་བ་བཏོན།

ཝང་ལིན་ཧུའུ་ཡིས་མཉམ་དུ་རྟོག་ཞིབ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།