མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་ལུས་རྩལ་འཐུས་ཚབ་ཚོགས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2023.10.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ཟླ་བཅུ་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

འཕྲིན་ཡིག་ནང་བསྟན་དོན།  མཚོ་སྔོན་གྱི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་དང་རུ་མིས་ཧང་ཀྲིའུ་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པའི་སྟེང་སྤྱི་ལེ་སོ་ལྔའི་མཉམ་བསྲེས་འདུར་རྒྱུག་གི་ཚོགས་པའི་རྣམ་གྲངས་འགྲན་བསྡུར་ཁྲོད། མཐུན་སྒྲིལ་མཉམ་ལས་ཀྱིས་གཟི་བརྗིད་མཚན་སྙན་བརྩོན་ལེན་བྱས་ནས། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་གསེར་གྱི་རྟགས་མ་བླངས་པ་དང་། དེ་ནི་རང་ཞིང་གི་ལུས་རྩལ་པས་སྐབས་འདིའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྟེང་བླངས་པའི་གསེར་གྱི་རྟགས་མ་ཐོག་མ་ཡང་ཡིན། དེ་སྔོན་ལ་རང་ཞིང་གི་ཐའེ་ཆོན་ཏོའི་ལུས་རྩལ་པ་ཁྲིན་ཁའེ་ལ་སྐྱེས་པའི་ཁུ་ཚུར་འགྲན་བསྡུར་རྣམ་གྲངས་ཏེ་སྤྱི་རྒྱ་ང་བརྒྱད་རིམ་པའི་འགྲན་བསྡུར་ཁྲོད་ཟངས་ཀྱི་རྟགས་མ་ཐོབ་པ་དང་། ཆོས་དབྱངས་སྐྱིད་དང་ཁྲིན་ཁེའི་སོགས་ཕུལ་དུ་བྱུང་བའི་ལུས་རྩལ་པས། ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པའི་དཀའ་སྤྱད་ཧུར་བརྩོན་དང་དཔའ་སྐྱེད་རྩེར་སོན་གྱི་བློ་རྩ་བརྟན་པོ་དང་ཕུལ་བྱུང་རྩལ་འགྲན་ཆུ་ཚད་མངོན་པར་བྱས་པ་དང་། ཨོ་ལིན་ཕིག་སྙིང་སྟོབས་དང་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་མཚོན་པར་བྱས་ལ། མེས་རྒྱལ་ལ་མཚན་སྙན་བརྩོན་ལེན་བྱས་པ་དང་མཚོ་སྔོན་ལ་གཟི་བརྗིད་བརྩོན་ལེན་བྱས། འདི་ནས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་། རང་ཞིང་གི་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་གོ་ལུས་རྩལ་འཐུས་ཚབ་ཚོགས་པར་རྟེན་འབྲེལ་ཞུས་པར་མ་ཟད། ཁྱེད་ཚོ་བརྒྱུད་དེ་བྱ་དགའ་ཐོབ་པའི་ལུས་རྩལ་པ་དང་འགན་སྲུང་ཚོགས་པར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན།

ཀྲུང་གོའི་ལུས་རྩལ་པ་དག་གིས་མུ་མཐུད་དུ་འབད་འཐབ་བྱས་ནས་ཡང་བསྐྱར་གྲུབ་འབྲས་བཟང་བོ་བླངས་ཏེ། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་གཟི་བརྗིད་བརྩོན་ལེན་བྱེད་པ་དང་། མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་མཚན་སྙན་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་རྒྱུའི་སྨོན་འདུན་ཞུས་པ་ཡིན།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2023ལོའི་ཟླ10པའི་ཚེས4ཉིན།

རིན་ཆེན་མཚོས་བསྒྱུར།