མཚོ་ནུབ་ཁུལ་གྱིས་ནགས་རྩྭའི་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ཕན་འབྲས་བཟང་བོ་ཐོབ།
2023.10.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཉིས་སྟོང་ཉེར་གསུམ་ལོའི་ཚུན་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཆུ་དྭངས་རི་སྔོ་ནས་གསེར་རི་དངུལ་རིའི་སྤོར་བསྒྱུར་རྒྱུ་ལམ་འཛུགས་པར་ཤུགས་སྣོན་བྱས་པ་དང་། ནགས་རྩྭའི་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། གསར་དར་སྐྱེ་ཁམས་ཐོན་ལས་གསོ་སྤེལ་བྱེད་པར་ཤུགས་སྣོན་བྱས་པས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་དེ། ནགས་རྩྭའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་ལས་དམངས་ཕན་དམངས་ཕྱུག་གི་ཕན་ནུས་ཐོན་ཡོད།

མཚོ་ནུབ་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་བྱེད་པ་ནུས་ལྡན་གྱིས་སྦྲེལ་མཐུད་བྱེད་པ་ཐབས་ལམ་དུ་བྱས་ཤིང་། ནགས་རྩྭའི་ལས་རིགས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། ཤུགས་ཆེན་པོས་རྒུད་གསབ་ལས་སྤྲོད་བྱེད་ཐབས་ཁྱབ་གདལ་དུ་བཏང་སྟེ་ཕྱོགས་བསྡུས་ཀྱི་སྐྱེ་ཁམས་གྲོང་གསེབ་དར་སྤེལ་བཟོ་སྐྲུན་ལག་བསྟར་བྱས་པ་དང་། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣའི་དཔུང་སྡེའི་ཞབས་ཞུ་དང་དོ་དམ། གསོ་སྦྱོང་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་ལ་བརྟེན་ནས། ཟོལ་མེད་ཀྱིས་སྐྱེ་ཁམས་ནགས་སྲུང་བའི་བྱང་ཚད་ནུས་པ་དང་འགན་སྲུང་ཆུ་ཚད་མཐོར་འདེགས་བཏང་། དབུལ་ཐར་མང་ཚོགས་དག་ཐད་ཀར་དུ་སྡོང་འཛུགས་མཉམ་ལས་ཁང་དུ་ཞུགས་པ་དང་། ཁེ་ལས་ཀྱིས་རྒྱལ་ཁོངས་ལྗང་བསྒྱུར་དང་སྡོང་ཕྲུག་གི་འདེབས་འཛུགས། རྩྭ་སའི་གནོད་ལྡན་སྐྱེ་དངོས་ཀྱི་འགོག་སྲུང་སོགས་ལ་སྐུལ་ཁྲིད་བྱེད་པར་སྐུལ་མ་བཏང་སྟེ། བཟོ་སྐྲུན་དངུལ་གཏོང་དེ་ལས་གཞིའི་ཁུལ་གྱི་མང་ཚོགས་དང་། ཁྱད་པར་དུ་དབུལ་བོར་འགྱུར་སླ་བའི་ཁྱིམ་ཚང་། དབུལ་ཕོངས་ཀྱི་མཐའ་རུ་གནས་པའི་མང་ཚོགས་བཅས་ཀྱི་ཡོང་སྒོར་བསྒྱུར་ཡོད། འཕང་འབྲས་ཀྱི་འདེབས་འཛུགས་དང་རི་སྐྱེས་སྲོག་ཆགས་ཀྱི་གསོ་སྤེལ། ནགས་ཚལ་གྱི་ཁམས་གསོའི་སྤྲོ་སྐྱིད་རྟེན་གཞི། ཞིང་ཕྱུགས་ཀྱི་སྤྲོ་སྐྱིད་ར་བ་སོགས་འཕེལ་རྒྱས་སུ་བཏང་སྟེ། སྐྱེ་ཁམས་གནས་སྐོར་དེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་བྱེད་པ་དང་གྲོང་གསེབ་དར་སྤེལ་བྱེད་པ་དང་ཕན་ནུས་ལྡན་པའི་སྒོ་ནས་སྦྲེལ་མཐུད་བྱེད་པའི་ལས་རྣམ་གསར་བར་གྱུར་དུ་བཅུག་ཡོད།

ཤུགས་ཆེན་པོས་བྱེ་ཐང་གི་ནགས་རྩྭའི་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ནུས་ལྡན་གྱི་བྱེད་ཐབས་སུ་བྱས་ཏེ། ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་ལྷད་མེད་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་ནས། ནགས་རྩྭའི་ཐོན་ལས་ཀྱི་ལྗང་མདོག་ཡོང་འབབ་ཁ་སྣོན་བྱེད་པར་སྐུལ་འདེད་བཏང་། མཐོ་སྒང་གི་ཁྱད་ལྡན་སྐྱེ་ཁམས་ཀྱི་སྐྱེ་ལྡན་ཚོང་རྟགས་གསར་སྐྲུན་བྱེད་པར་དམིགས་ཏེ། ཤུགས་ཆེན་པོས་སྐྱེ་ལྡན་འཕང་འབྲས་ཀྱི་ངོས་འཛིན་ལ་སྐུལ་འདེད་བཏང་། འོས་འཚམ་གྱིས་ནགས་ཚལ་དང་རྩྭ་ས། བརླན་ས། བྱེ་ཐང་སོགས་རང་བྱུང་མཛེས་ལྗོངས་ཀྱི་བེད་སྤྱོད་དང་ཕྱི་ཡུལ་ལྟ་སྐོར་བྱ་བ་འཕེལ་རྒྱས་སུ་བཏང་སྟེ། སྐྱེ་ཁམས་རིག་གནས་དང་སྐྱེ་ཁམས་སློབ་གསོ་སོགས་ཁྱད་ལྡན་སྐྱེ་ཁམས་གནས་སྐོར་གྱི་ལས་རྣམ་གསར་བ་གསོ་སྤེལ་བྱེད་པ་དང་། གཙོ་བོ་རང་བྱུང་སྤྱི་གླིང་གཙོ་བྱས་པའི་སྐྱེ་ཁམས་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་། བྱེ་ཐང་གི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། ནགས་རྩྭའི་སྐྱེ་ཁམས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་བཟང་བོ་བྱེད་པའི་རྐྱེན་སྲོལ་གསར་བ་དང་། ཁེ་ལས་དང་རྟེན་གཞི། ཁྱིམ་ཚང་བཅས་ཀྱི་བྱེ་ཐང་གི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཆགས་པར་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།