ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ཧང་ཀྲའོ་རུ་རྒྱལ་ཁའི་ངང་གྲོལ།
2023.10.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ཚེས་བརྒྱད་ཉིན་གྱི་དགོང་མོ་ཧང་ཀྲའོ་རུ་རྒྱལ་ཁའི་ངང་གྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་མཛད་སྒོར་ཞུགས།

སྤྲོ་སྣང་གིས་བརྟས་པའི་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ཏེ། ལིས་ཆང་དང་ཨེ་ཤེ་ཡ་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཞིན་ཀི་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་ཕེབས་ནས་ལྟད་མོ་བར་ཕྱག་གཡུག་གཡུག་གིས་གུས་ལན་ཕུལ།

དགོང་མོའི་དུས་ཚོད་བརྒྱད་ཀྱི་སྟེང་དུ། འགྲན་ཚོགས་གྲོལ་བའི་མཛད་སྒོ་དངོས་སུ་སྤེལ་མགོ་བརྩམས་པ་དང་། ཚོགས་རའི་ནང་གི་མི་ཚང་མ་ཡར་ལངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པར་མ་ཟད། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུའི་ངང་ཡར་བསྒྲེངས།

ཧང་ཀྲོའུ་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་གོ་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀའོ་ཀྲི་ཏན་གྱིས་ཤིས་ཚིག་འབུལ་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲུབ་འབྲས་ཐོབ་པའི་ངང་འགྲན་བསྡུར་གཉེར་དགོས་པའི་ཐད་རེ་བ་ནན་མོ་དང་བླང་བྱ་ཁ་གསལ་བཏོན་ཡོད་ཅིང་། ཚང་མས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ང་ཚོས“ཀྲུང་གོའི་ཁྱད་ཆོས་ལྡན་ལ་ཨེ་ཤེ་ཡའི་ཉམས་སྣང་མཚོན་ཐུབ་པ། ལྟད་མོ་ཆེ་ཞིང་ཡིད་དབང་འཕྲོག་པའི”ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་གཉེར་རྒྱུ་ཡིན་ཞེས་དམ་བཅའ་བརྗིད་ཆེན་བཞག་པ་ད་ནི་གཞི་ནས་མངོན་འགྱུར་བྱུང་། ང་ཚོས་ལུས་རྩལ་ལ་བརྟེན་ནས་ཞི་བདེ་དང་མཐུན་སྒྲིལ། དཀྱེལ་ཡངས་བཅས་ལ་སྐུལ་འདེད་བཏང་ནས། མཉམ་དུ་ཨེ་ཤེ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པའི་ལེའུ་གསར་པ་མུ་མཐུད་དུ་རྩོམ་དགོས་ཞེས་བསྟན།

ཨེ་ཤེ་ཡ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཞིན་ཀི་ཡིས་ཤིས་ཚིག་འབུལ་སྐབས། སྐབས་འདིའི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱིས་ངོ་མཚར་ཆེ་བའི་རྣམ་པ་བསྐྲུན་ནས་མི་རྣམས་ལ་བརྗེད་པར་དཀའ་བའི་དྲན་པ་བཞག་ཡོད་ཅིང་། སྔར་ན་མེད་པའི་གྲུབ་འབྲས་ཀྱང་ཐོབ་ཡོད། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་། ཧང་ཀྲའོ་གྲོང་ཁྱེར་གྱི་གྲོང་མི་དང་ཧང་ཀྲའོ་ཨེ་ཤེ་ཡ་རྩ་འཛུགས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གྲ་སྒྲིག་ཞིབ་ཚགས་བྱས་པར་ཐུགས་རྗེ་ཆེ་ཞུས།

ཝུའུ་ཀྲིན་ལུང་དང་ཧྲིན་དབྱི་ཆིན་མཛད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།