ཟླ་བཅུ་པའི་ཚེས་བརྒྱད་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་མགོ་འཛིན་བྱས་ཏེ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གི་གསུང་བཤད་དང་མཆན་བཀོད་དགོངས་དོན་གལ་ཆེན། ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་བྱས་པ་མ་ཟད། ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བརྒྱད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་དོན་བཞི་འགོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་བཅས་ཀྱི་སྟེང་གནང་བའི་གསུང་བཤད་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྐོར་ཞིབ་དག་ཐེར་གྱི་ཆབ་སྲིད་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་ཁུར་ཐུབ་པར་བྱེད་པ་དང་། སྐོར་ཞིབ་དང་བསྡོམས་རྩིས། ཆེད་དོན་རྩད་ཞིབ་སོགས་ཀྱི་གནད་དོན་དག་ཐེར་བྱ་བ་གཞི་གཅིག་ཏུ་དམ་འཛིན་བྱས་ནས། བྱ་བའི་སྤྱིའི་གྲུབ་འབྲས་མཐོ་རུ་གཏོང་དགོས། ཆུ་ཚད་མཐོན་པོས་ཕྱི་ཕྱོགས་སྒོ་འབྱེད་ནུས་པ་མཐོ་རུ་བཏང་སྟེ། རྒྱུད་གཅིག་ལམ་གཅིག་གི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་མྱུར་དུ་འདྲེས་པར་བྱེད་དགོས། དཔལ་འབྱོར་འཁོར་སྐྱོད་ཤུགས་ཚད་ཇེ་དྲག་ཏུ་བཏང་ནས། འབད་པ་ཆེན་པོས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་དགོས།
གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲི་ཅང་དང་ཧྲན་ཏུང་ཙོ་གྲོང་དུ་རྟོག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་། ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་འཚོགས་པའི་དགའ་སྟོན་མཛད་སྒོའི་སྟེང་གནང་བའི་ཞུ་ཚིག་གལ་ཆེན། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་པར་སྐུལ་འདེད་གང་ལེགས་གཏོང་བ་དང་། བུད་མེད་དང་བྱིས་པའི་བྱ་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན། ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་དུ་སློབ་གྲྭ་འདོན་བཞིན་པའི་དཔའ་ངར་ལྡན་པའི་བུ་དང་བུ་མོར་སྐུར་བའི་འཕྲིན་ལན། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་བ་མང་ཚོགས་དང་ཞིང་གསུམ་འཐབ་ཡུལ་དུ་བྱ་བ་བྱེད་པའི་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གི་འཚམས་འདྲི་བྱས་པ། གོ་ལ་ཧྲིལ་བོའི་རྒྱུན་མཐུད་འགྲིམ་འགྲུལ་མཐོ་རླབས་གླེང་སྟེགས་ལ་སྐུར་བའི་རྟེན་འབྲེལ་ཞུ་ཚིག་གལ་ཆེན། སྔོན་བཤེགས་དཔའ་བོའི་རྗེས་དྲན་ཉིན་མོ་ཐེངས་བཅུ་པའི་བྱ་འགུལ་དགོངས་དོན་བཅས་ལ་སློབ་སྦྱོང་དང་དེ་བརྒྱུད་བསྒྲགས་བྱས་ནས་ནན་གྱིས་བསྟན་དོན། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་སྟེགས་བུ་བཅུ་འཛུགས་པར་སྐུལ་འདེད་ཏན་ཏིག་བཏང་སྟེ། ཁྱབ་ཁོངས་སོ་སོའི་ལམ་སྲོལ་རྐྱེན་སྲོལ་གསར་གཏོད་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་བསྐྱེད་པ་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ས་ཁུལ་གྱི་བར་ཁྱད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཁྱད། ཡོང་འབབ་ཀྱི་བར་ཁྱད་དང་སྤྱི་བའི་ཞབས་ཞུའི་བར་ཁྱད་བཅས་ཇེ་ཆུང་དུ་གཏོང་རྒྱུ་ཁ་ཕྱོགས་གཙོ་བོར་བཟུང་སྟེ། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ནན་མོ་གཏོང་དགོས། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། མཐོ་སྒང་གི་ལུས་རྩལ་སྟོབས་ལྡན་གྱི་ཞིང་ཆེན་བསྐྲུན་པར་སྐུལ་འདེད་གཏོང་དགོས། ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་དང་བྱིས་པ་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། བུད་མེད་དང་བྱིས་པའི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། སྔོན་བཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། སྤྱི་བདེ་སྔོན་བཤེགས་དཔའ་བོའི་བུ་དང་བུ་མོར་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་ལ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཐབས་རྒྱ་ཇུས་སྟོང་གིས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཐབས་ལམ་རྒྱ་བསྐྱེད་ནས། བདེ་སྡོད་ལས་བརྩོན་དང་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་ཀྱི་རྣམ་པ་གསར་བ་བསྐྲུན་དགོས།
གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་དར་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་གསར་དར་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་བརྒྱུད་བསྒྲགས་བྱས་ཤིང་། དུས་གསར་བ་དང་བསྐྱོད་ལམ་གསར་བར་གསར་དར་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་། རྩ་དོན་གལ་ཆེན། གཙོ་གནད་ལས་འགན་བཅས་ཁོང་དུ་ཆུད་པར་བྱེད་པ། མཐོ་སྒང་གི་རང་བྱུང་ཐོན་ཁུངས་ནུས་ཁུངས་ལ་རྐང་བཙུགས་ནས། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་དམིསག་སུ་བཟུང་སྟེ། གཙོ་གནད་འབུར་ཐོན་དང་གནད་འགག་དམ་འཛིན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་མཚོ་སྔོན་གྱི་ཁྱད་ཆོས་འཛོམས་པའི་གསར་དར་བཟོ་ལས་ཅན་ལ་སྐུལ་འདེད་ནན་མོ་གཏོང་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་དང་བདེ་ཐང་འཕེལ་རྒྱས་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས་པ་དང་། སྤུས་ལེགས་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་ཁྱབ་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། སྤུས་ལེགས་ཕན་ནུས་མཐོ་བའི་གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་གྱི་མ་ལག་གྲུབ་པར་བྱེད་པ། རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ལ་ནུས་ཤུགས་ཡོད་དགུས་སྲུང་སྐྱོབ་བྱེད་དགོས་པ་བཅས་ནན་གྱིས་བསྟན།
གྲོས་ཚོགས་ལས། 《ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གནས་སྐབས་ལག་བསྟར་བྱེད་ཐབས་འགའ》ཞེས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་དགེ་རྒན་དང་། ཕུལ་བྱུང་སློབ་གཙོ། ཕུལ་བྱུང་སློབ་གསོའི་བྱ་བ་སྒྲུབ་མཁན་གྱི་དཔྱད་འདེམ་གཟེངས་བསྟོད་རྣམ་གྲངས་ཀྱི་དོ་དམ་བྱེད་ཐབས》ལ་གྲོས་ཞིབ་བྱས་ཏེ་རྩ་དོན་སྟེང་གྲོས་འཆམ་བྱུང་། གྲོས་ཚོགས་ལས་《མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག་གི་འཆར་ཟིན》ལ་གྲོས་སྡུར་བྱས་ཏེ་གྲོས་འཆམ་བྱུང་བ་མ་ཟད། སྔར་ལས་ལྷག་པའི་བཟོ་བཅོས་དང་ལེགས་བཅོས་བྱས་རྗེས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་བླང་བྱ་བཏོན།
གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།