ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་འཕྲལ་སྒྲུབ་རྒྱུ་དངོས་གསོག་འཇོག་བྱ་བར་རྟོག་ཞིབ་བྱས།
2023.10.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཅུ་བའི་ཚེས་དགུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཚོ་སྔོན་ཞིང་ཆེན་འབྲུ་རིགས་སྡེ་ཚོགས་ཚད་ཡོད་འགན་འཁྲིའི་ཀུང་ཟིའི་ཟི་ལིང་མཛོད་ཁུལ་དང་། ཞིང་ཆེན་རྒུད་སྐྱོབ་དངོས་རྫས་གསོག་འཇོག་ལྟེ་གནས་སུ་སོང་ནས་ཞིང་ཆེན་ཡོངས་ཀྱི་འཕྲལ་སྒྲུབ་རྒྱུ་དངོས་གསོག་འཇོག་བྱ་བར་རྟོག་ཞིབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་རུ་བཀུར་བ་རྒྱུན་འཁྱོངས་བྱེད་པ་དང་། སེམས་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འཆར་འགོད་བཟང་བོ་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་གནོད་འཚེའི་དོན་རྐྱེན་ཐག་གཅོད་བྱེད་པར་རྒྱུ་དངོས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཁྲིན་ཀང་ཞིང་ཆེན་འབྲུ་རིགས་སྡེ་ཚོགས་ཀྱི་ཟི་ལིང་མཛོད་ཁུལ་དུ་སོང་ནས་ཡུལ་དངོས་ནས་ཚགས་སུ་ཆུད་པའི་འབྲུ་མཛོད་དང་སྔོན་ཆད་ཀྱི་འབྲུ་མཛོད། ལྟ་རྟོག་ཚོད་འཛིན་ལྟེ་གནས་ཀྱི་གསོག་འཇོག་འཁོར་སྐྱོད་གནས་ཚུལ་བཅས་ལ་བལྟས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་འཕྲལ་སྒྲུབ་འགན་སྲུང་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཏུ་བྱས། འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲུ་རིགས་བདེ་འཇགས་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་གྱི་ཐུན་མོང་འགན་འཁྲི་དངོས་འབེབས་བྱེད་པ་དང་རིམ་པ་བཞིན་དུ་འགན་འཁྲི་དངོས་འབེབས་བྱེད་པ། ཉེན་ཁའི་དོགས་ཟོན་ལ་ཤུགས་སྣོན་པ། མ་མཐའི་ཚད་ཐིག་གི་འདུ་ཤེས་བརྟན་པོར་ཆགས་སུ་འཇུག་པ། འབྲུ་རིགས་བདེ་འཇགས་ཀྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། བསྡུ་ལེན་གསོག་འཇོག་གྱི་བརྡ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་བྱེད་པ། མཛོད་ཁང་གི་མེ་འགོག་བདེ་འཇགས་འགོག་སྒྲིབ་སྲ་བརྟན་དུ་གཏོང་བ། འབྲུ་རིགས་ཉོ་བསྡུ་དང་ཕྱི་འཚོང་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་གྱི་བསླབ་བྱ་བསྡུ་ལེན་བྱས་ཏེ། འབྲུ་རིགས་ཀྱི་སྤུས་ཚད་བཟང་བོ་དང་གསོག་འཇོག་བདེ་འཇགས། དོ་དམ་ཚད་ལྡན་བཅས་ལ་འགན་སྲུང་བྱས་ནས། བཀོད་སྒྲིག་ལུགས་མཐུན་ཡིན་པ་དང་མཉམ་འབྲེལ་བཀག་མེད་ཀྱི་འབྲུ་རིགས་འཕྲལ་སྒྲུབ་འགན་སྲུང་དྲ་རྒྱ་ཆགས་པར་སྐུལ་འདེད་གཏོང་དགགོས་ཟེར།

ཞིང་ཆེན་རྒུད་སྐྱོབ་རྒྱུ་དངོས་གསོག་འཇོག་ལྟེ་གནས་སུ། ཁྲིན་ཀང་མཛོད་ཁང་དུ་སོང་ནས་ཞིང་ཆེན་ཡོངས་ཀྱི་འཕྲལ་སྒྲུབ་རྒྱུ་དངོས་ཀྱི་རིགས་སྣ་དང་། ཁ་གྲངས་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། འཕྲལ་སྒྲུབ་རྒྱུ་དངོས་ཀྱི་དོ་དམ་དང་བཀོལ་གཏོང་བེད་སྤྱོད། འཕྲལ་སྒྲུབ་སྨན་རྫས་ཀྱི་རྩ་འཛུགས་བཀོད་གཏོང་། འཕྲལ་སྒྲུབ་གསོ་རིག་རྒུད་སྐྱོབ་བྱ་བ་བཅས་ཀྱི་སྙན་ཞུར་ཉན། ཁོས་གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། ལྔ་ཡོད་ཀྱི་ཚད་གཞི་ལྟར་རྒྱུ་དངོས་གསོག་འཇོག་བྱེད་པ་དང་། དངོས་འཐབ་ལ་ཟུང་འབྲེལ་བྱས་ནས་མི་འདང་ས་ཁ་གསབ་བྱེད་པ། རྒྱུན་ཆད་མེད་པར་ལམ་ལུགས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ། ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་པ། རྩིས་ཐོ་དང་འཚམ་པར་འགན་སྲུང་བྱེད་པ། འཕྲལ་སྒྲུབ་རྒྱུ་དངོས་ཁ་གྲངས་དང་གནས་ཚུལ་གསལ་བོ་ཡིན་པར་ཁག་ཐེག་བྱེད་པ། གནད་འགག་གི་སྐབས་སུ་མྱུར་མོར་བེད་སྤྱོད་ཐུབ་པར་བྱེད་དགོས། རང་ཞིང་གི་འཕྲལ་སྒྲུབ་རྒུད་སྐྱོབ་སྟོབས་ཤུགས་ཀྱི་འཛུགས་སྐྲུན་དང་ཉེན་སེལ་རྒུད་སྐྱོབ་ཀྱི་སྒྲིག་ཆས་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། གྱེན་འཕུར་གནམ་གྲུའི་རྒུད་སྐྱོབ་རྣམ་གྲངས་ཀྱི་སྦྱོང་བརྡར་ལ་བལྟས་རྗེས། ཁྲིན་ཀང་གིས་འཕྲལ་སྒྲུབ་རྒུད་སྐྱོབ་རུ་ཁག་ཚང་མར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་དང་བླ་མེད་ཀྱི་གུས་སེམས་བསྟན། ཁོས་དུས་ངེས་མེད་དུ་ཉམས་ཉེན་འདུ་ཤེས་སྲུང་འཛིན་བྱས་ནས། དུས་རྒྱུན་དུ་འབད་འབུངས་བྱེད་པ་དང་། དངོས་འཐབ་སྦྱོང་བརྡར་དང་ནུས་པ་བཟང་བོ་སྐྱེད་སྲིང་བྱེད་པར་ཤུགས་སྣོན་བྱེད་པ། སྒྲིག་ཆས་ལ་སྲུང་སྐྱོབ་དང་རང་སྟེང་གི་འགོག་སྲུང་ལ་ཤུགས་སྣོན་བྱེད་པ། རྒྱུན་ཆད་མེད་པར་འཕྲལ་སྒྲུབ་རྒུད་སྐྱོབ་ཀྱི་བཀོད་འདོམ་དང་ཐག་གཅོད་ནུས་པ་མཐོར་འདེགས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱས།

ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ལིན་ཧུའུ་དང་། ཀྲུའུ་ཞང་ཧྥུན་རྟོག་ཞིབ་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།