ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་རྣམ་པ་གསར་བའི་བཟོ་ལས་ཅན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་རྣམ་པ་གསར་བའི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་གྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པ། འཐབ་ཇུས་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་གྲངས་འཛིན་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་ཇེ་ལེགས་སུ་གཏོང་བ། གྲངས་འཛིན་ཅན་གྱི་རིགས་བསྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བའི་ཁྲོད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཐུབ་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་གཏོད་དགོས་ཞེས་གསུངས།
ལིས་ཆང་ཐོག་མར་ཧའེ་ཁང་ཝུའེ་ཧྲི་ཀུང་ཟིར་ཕེབས་ནས་དངོས་ཟོག་མཉམ་འབྲེལ་ཤེས་ཚོར་དང་མིས་བཟོས་རིག་ནུས་སོགས་ལག་རྩལ་ཐོན་རྫས་དང་གྲངས་འཛིན་ཅན་གྱི་ནུས་སྤྲོད་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་རྒྱ་ཆེན་པོ་ཡོད་པས། འགག་རྩའི་ལྟེ་བའི་ལག་རྩལ་ཚད་བརྒལ་ཧུར་ཐག་བྱས་ནས་སྣེ་འདྲེན་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གྱིས་ཁེ་ལས་འབྲིང་ཆུང་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཆན་ཐང་ཆུའུ་ཁེ་ལས་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སུ་ལིས་ཆང་གིས་ཀྲེ་ཅང་སྲིད་དོན་ཞབས་ཞུའི་རིན་འཕར་ཅན་གྱི་བཅོས་སྒྱུར་གནས་ཚུལ་ལ་གསན་པ་དང་། ལས་དོན་སྒྲུབ་པར་ཡོང་བའི་ཁེ་ལས་མི་སྣ་དང་ལྟེ་བའི་ལས་དོན་མི་སྣ་དང་བསམ་ཚུལ་བརྗེ་རེས་གནང་། ལིས་ཆང་གིས་ནན་གྱིས་བསྟན་དོན། ཁེ་ལས་ཀྱི་དགོས་མཁོར་གཞིགས་ནས་སྲིད་དོན་ཞབས་ཞུ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་ཐོན་ཁུངས་སྐོང་འཐེན་བྱེད་པ། རིན་འཕར་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཁེ་ལས་དང་མང་ཚོགས་ཀྱི་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
རྟོག་ཞིབ་སྐབས་སུ་ལིས་ཆང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་ཀྲེ་ཅང་གི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཁ་ཤས་ཀྱི་འགན་འཁུར་བའི་གཏམ་བཤད་ལ་གསན། ལིས་ཆང་གིས་བསྟན་དོན། གྲངས་འཛིན་ཚན་རྩལ་གསར་གཏོད་ཀྱི་ཚད་བརྒལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་འགག་རྩའི་ལྟེ་བའི་ལག་རྩལ་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་དགོས། འཐབ་ཇུས་ཀྱི་མདུན་གྲལ་ལ་དམིགས་པ་དང་། གྲངས་འཛིན་ཐོན་ལས་འདུ་ཚོགས་སྐྱེད་སྲིང་བྱེད་པ། གྲངས་འཛིན་དཔལ་འབྱོར་གྱི་འགྲན་ལམ་གསར་པའི་ནང་མདུན་གྲལ་དུ་བསྐྱོད་རྒྱུར་འབད་བརྩོན་བྱེད་པ། དྲ་རྒྱ་དང་། རྩིས་ཤུགས། ཉེར་སྤྱོད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། སྟེགས་བུའི་དཔལ་འབྱོར་གྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞིའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།
ལིས་ཆང་གིས་ནན་གྱིས་བསྟན་དོན། གྲངས་འཛིན་ཅན་གྱི་རླབས་རྒྱུན་དེའང་འཕོ་འགྱུར་རང་བཞིན་གྱི་སྟོབས་ཤུགས་ཤིག་ཡིན་པས། ངེས་པར་དུ་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ནུས་པ་སྤྲོད་དགོས། མིག་སྔར། ལྷག་པར་དུ་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་བརྟེན་ནས་རྣམ་པ་གསར་བའི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། བཟོ་སྐྲུན་ལས་རིགས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། འགག་རྩའི་འགྱུར་ཚད་མངོན་གསལ་དོད་པོ་ཡོང་བར་བྱེད་པ། མིས་བཟོས་རིག་ནུས་གསར་གཏོད་བེད་སྤྱོད་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།
ལིས་ཆང་གིས་ཀྲེ་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཀྲེ་ཅང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། “བརྒྱད་བརྒྱད་འཐབ་ཇུས”གཏིང་ཟབ་དང་ཏན་ཏིག་ཡོང་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། གྲངས་འཛིན་ཅན་གྱི་འཕར་བསྒྱུར་ཐད་དཔའ་ངར་ཆེན་པོས་མདུན་གྲལ་དུ་བསྐྱོད་དེ། ལས་དོན་ཁག་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་བཏོན།
ཝུའུ་ཀྲིན་ལུང་གིས་མཉམ་དུ་རྟོག་ཞིབ་བྱས།
ཤ་བོ་གསེར་མཚོས་བསྒྱུར།