ཀྲུང་གོའི་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་པེ་ཅིང་དུ་འཚོགས་མགོ་བརྩམས།
2023.10.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་བཅུ་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། ཀྲུང་གོའི་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་འཚོགས་མགོ་བརྩམས་པ་དང་། ཞི་ཅིན་ཕིང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཏེན་ཞུའེ་ཞང་། ལིས་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོགས་འདུའི་སྟེང་ཕེབས་ནས་རྟེན་འབྲེལ་ཞུས་པ་དང་། ཚའེ་ཆི་ཡིས་ཏང་ཀྲུང་དབྱང་གི་ཚབ་མཛད་ནས་ཤིས་ཚིག་ཕུལ།

སྔ་དྲོའི་དུས་ཚོད་བཅུའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཚོགས་རར་ཕེབས་སྐབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཏུང་མེན་གྱིས་ཚོགས་ཆེན་དངོས་སུ་འཚོགས་མགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་ན། ཚོགས་ར་ཡོངས་ཀྱི་མི་ཚང་མ་ཡར་ལངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས།

ཚའེ་ཆི་ཡིས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ། 《རང་རྒྱལ་གྱི་བཟོ་པ་གྲལ་རིམ་གྱིས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་བརྗིད་ཉམས་ཆེ་བའི་ལེའུ་རྩོམ་པའི་ཁྲོད་འབད་པས་ཞུགས་ཡོད》ཅེས་པ་ཁ་བྱང་དུ་བཟུང་ནས་ཤིས་ཚིག་ཕུལ་ཏེ། ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་བ་དང་བཟོ་ཚོགས་ཀྱི་ལས་བྱེད་པར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་།

ཚའེ་ཆི་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་དུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་གཏན་འཁེལ་བྱས་ཡོད། ཏང་གི་ལས་འགན་གཙོ་བོ་ནི་ཀྲུང་གོའི་བཟོ་པའི་ལས་འགུལ་དང་བཟོ་ཚོགས་ཀྱི་བྱ་བའི་བརྗོད་སྙིང་དང་ཁ་ཕྱོགས་རེད། བཟོ་པ་གྲལ་རིམ་གྱིས་བློ་དཀར་སེམས་དཀར་དང་བློ་གཏད་ཆོག་པའི་རྣམ་འགྱུར་བཟུང་ནས་བཟོ་པ་གྲལ་རིམ་གྱི་ཆབ་སྲིད་རང་བཞིན་རྒྱུན་འཛིན་བྱེད་རྒྱུ་དང་། ངལ་རྩོལ་ལ་བརྟེན་ནས་བཟོ་པ་གྲལ་རིམ་གྱི་འགན་འཁྲི་དང་ལས་འགན་སྒྲུབ་པ། འཇོན་ཐང་ཆེན་པོར་བརྟེན་ནས་བཟོ་པ་གྲལ་རིམ་གྱི་དུས་རབས་ཀྱི་ཉམས་འགྱུར་མངོན་གང་ཐུབ་བྱས་ཏེ། མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་བཟོ་པ་གྲལ་རིམ་གྱི་བླ་ན་མེད་པའི་གཤིས་རྒྱུད་དར་སྤེལ་གཏོང་དགོས། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་པ་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་བྱ་གཞག་ལ་བློ་དཀར་སེམས་དཀར་གྱིས་ལས་བཟོ་བར་ཞབས་འདེགས་ཞུ་བ། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། མཐུན་སྒྲིལ་འབད་འཐབ་ཀྱི་བརྗིད་ཉམས་ཆེ་བའི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་པ། ཁེ་དབང་སྲུང་སྐྱོབ་ཀྱི་ཞབས་ཞུའི་སྤུས་ཚད་མངོན་སུམ་མཐོ་རུ་གཏོང་བ། འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། འབད་བརྩོན་ཆེན་པོས་ཏང་གི་བཟོ་པའི་ལས་འགུལ་གྱི་བྱ་གཞག་ལ་ལེའུ་གསར་པ་རྩོམ་དགོས་ཞེས་གསུངས།

གུང་གཞོན་ཚོགས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཨ་ཏུང་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རིན་མེའོ་ཧྭ་གཉིས་ཀྱིས་སྔ་རྗེས་སུ་མི་དམངས་ཚོགས་པ་དང་བཅིངས་འགྲོལ་དམག  དྲག་ཆས་ཉེན་རྟོག་དམག་དཔུང་བཅས་ཀྱི་ཚབ་བྱས་ནས་ཚོགས་ཆེན་ལ་ཤིས་ཚིག་ཕུལ།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའ་ཡི་ཧྲུའུ་ཅི་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། མི་དམངས་ཚོགས་པ་སོ་སོ། དམག་དཔུང་གི་འབྲེལ་ཡོད་སྡེ་ཁག པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་བཅས་དང་། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཞང་ཀང་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཟོ་ཚོགས་ལས་རིགས་ཀྱི་གྲོགས་པོ། རྒྱལ་སའི་ལས་རིགས་སོ་སོའི་ལས་བཟོ་བའི་འཐུས་མི་སོགས་མགོ་རྩོམ་མཛད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།