ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་སྒྲོག་དང་བསམ་བློ་རིག་གནས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། དྲིལ་སྒྲོག་དང་བསམ་བློ་རིག་གནས་ལས་དོན་དེ་ཏང་གི་མདུན་ལམ་དང་ལས་དབང་དང་ཐད་ཀར་འབྲེལ་བ་ཡོད་ཅིང་། རྒྱལ་ཁབ་ཡུན་སྐྱོང་བདེ་འཁོད་དང་འབྲེལ་བ་ཡོད་པར་མ་ཟད། མི་རིགས་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་དང་འབྲེལ་བ་དམ་ཟབ་ཡོད་པས། དེ་ནི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་ཡིན་ཞེས་གསུངས། དྲིག་སྒྲོག་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་སྒྲོག་དང་བསམ་བློ་རིག་གནས་ལས་དོན་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་གནས་བབ་གལ་ཆེན་སྟེང་བཞག་ནས། གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་གལ་ཆེན་རབ་དང་རིམ་པ་གསལ་སྟོན་གནང་བ་དེ་ནི། དུས་རབས་གསར་པའི་ཏང་གིས་རིག་གནས་འཛུགས་སྐྲུན་ལ་མགོ་ཁྲིད་བྱེད་པའི་ལག་ལེན་ཉམས་མྱོང་ལ་རིགས་པའི་གཞུང་ལུགས་ཀྱི་སྒོ་ནས་ཕྱོགས་སྡོམ་བྱས་པ་ཞིག་ཡིན་པ་དང་། དེས་མར་ཁེ་སི་རིང་ལུགས་ཀྱི་རིག་གནས་གཞུང་ལུགས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་འཕེལ་རྒྱས་སུ་བཏང་ནས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་གྲུབ་པར་བྱས་ཡོད་པས། དེར་ཏང་གི་དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་ནས་བཤད་ན་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ངེས་ཅན་ལྡན་ཞེས་འདོད་བློ་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་ལས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འགག་རྩའི་དུས་སྐབས་སུ་སླེབས་ཡོད་ཅིང་། འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་ཡོད་ལ། དྲིལ་སྒྲོག་དང་བསམ་བློ་རིག་གནས་ལས་དོན་ལ་གནས་བབ་གསར་པ་དང་ལས་འགན་གསར་པར་འཕྲད་ཡོད་པ་བཅས་ཀྱི་དབང་གིས། དྲིལ་སྒྲོག་དང་བསམ་བློ་རིག་གནས་ལས་དོན་ལ་ཅིས་ཀྱང་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་ཡོད་དགོས་ཞེས་ནན་བཤད་གནང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དེར་གཟིགས་རྒྱང་རིང་ལ་དགོངས་པ་ཆེན་པོ་ལྡན་པའི་དབང་གིས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། དྲིལ་སྒྲོག་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། རིག་གནས་ཀྱི་ལས་འགན་གསར་པ་ཕྲག་སྟེང་དུ་འཁུར་ཆེད་བསམ་བློའི་མཚོན་ཆ་རྣོན་པོ་དང་། ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད་ཅེས་བསྟན།
ཚང་མས་རྒྱལ་ཡོངས་ཀྱི་དྲིལ་སྒྲོག་དང་བསམ་བློ་རིག་གནས་ལས་དོན་ཚོགས་འདུའི་སྟེང་གི་གྲུབ་འབྲས་གལ་ཆེ་ཤོས་ནི། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཐོག་མར་བཏོན་པ་དེ་ཡིན་ལ། དགོངས་པ་གལ་ཆེན་དེའི་ནང་སྙིང་ཕུན་སུམ་ཚོགས་པོ་ཡོད་པས། དགོངས་པ་དེའི་ནང་བདེན་དོན་གྱི་སྟོབས་ཤུགས་རླབས་ཆེན་དང་ལག་ལེན་གྱི་སྟོབས་ཤུགས་འདུས་ཡོད་ཅེས་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་མཐོ་ཚད་ནས་འགྲེང་སྟེ། དྲིལ་སྒྲོག་དང་བསམ་བློ་རིག་གནས་ལས་དོན་ལ་འཕྲད་པའི་གནས་བབ་གསར་པ་དང་ལས་འགན་གསར་པར་དམ་པོར་དམིགས་ཏེ། དྲིལ་སྒྲོག་དང་བསམ་བློ་རིག་གནས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད“ཤུགས་སྣོན་དགོས་པ་བདུན”བཏོན་ནས། དུས་རབས་གསར་པའི་རིག་གནས་འཛུགས་སྐྲུན་ལ་ལམ་ཕྱོགས་ཀྱི་རི་མོ་དང་ལས་འགན་གྱི་ཡི་གེ་གསལ་སྟོན་གནང་།
རླབས་ཆེན་གྱི་དུས་རབས་ཀྱིས་རླབས་ཆེན་གྱི་གཞུང་ལུགས་གསོ་སྐྱོང་བྱེད་པ་དང་རླབས་ཆེན་གྱི་བསམ་བློས་རླབས་ཆེན་གྱི་སྐྱོད་ལམ་ལ་ཁྲིད་སྟོན་བྱེད་ཀྱིན་ཡོད། ཚང་མས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། རིག་གནས་ཀྱི་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྒོ་འབྱེད་དཀྱེལ་ཡངས་རྒྱུན་འཁྱོངས་བྱེད་པ། ཡང་དག་པའི་སྒོ་ནས་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་དུ། རིག་གནས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་འཛུགས་སྐྲུན་བྱེད་པ་བཅས་ཀྱི་རིག་གནས་ཀྱི་ལས་འགན་གསར་པ་ཏན་ཏིག་ངང་འཁུར་དགོས་ཞེས་བཤད།
བན་དེ་སྐྱབས་ཀྱིས་བསྒྱུར།