མཚོ་སྔོན་ཞིང་ཆེན་དང་རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་རྒྱལ་ཁབ་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་མཉམ་བསྐྲུན་བྱེད་པའི་མཐུན་སྦྱོར་སྐུལ་སྤེལ་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་དང་། ཁྲིན་ཀང་དང་ཀྲང་ཅན་ཧྭ་ཡིས་གཏམ་བཤད་ལ། ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།
ཟླ་བཅུ་པའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དང་རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་མཚོ་སྔོན་གྱི་རྒྱལ་ཁབ་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་མཉམ་བསྐྲུན་བྱེད་པའི་མཐུན་སྦྱོར་སྐུལ་སྤེལ་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་དུ་འཚོགས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“བཅོས་སྒྱུར་བཞི་དང་མཉམ་ལས་གཅིག”གི་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་བ་ལག་བསྟར་ཟབ་མོ་བྱེད་པ་དང་། དེའི་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་མ་ཟད། དུས་རིམ་རང་བཞིན་གྱི་གྲུབ་འབྲས་དང་ཉམས་མྱོང་ལ་དཔྱད་འཇོག་བྱས་ལ། མཉམ་སྐྲུན་བྱ་བའི་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཀྲང་ཅན་ཧྭ་གཉིས་ཀྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་འཕེལ་རིམ་གནས་ཚུལ་མཚམས་སྦྱོར་བྱས་ཤིང་། མཉམ་བསྐྲུན་ཆེད་མཁས་འདྲི་རྟོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲི་ཡུས་པའོ་ཡིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་གྲུབ་འབྲས་དཔྱད་འཇོག་བསམ་ཚུལ་མཚམས་སྦྱོར་བྱས། གྲོས་ཚོགས་སྟེང《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་མཉམ་བསྐྲུན་བྱེད་པའི་རྒྱལ་ཁབ་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་གྱི་2023ལོ་ནས་2024ལོའི་བར་གྱི་བྱ་བའི་གཙོ་གནད》ཅེས་པར་གྲོས་ཞིབ་བྱས་ཏེ་རྩ་དོན་སྟེང་གྲོས་འཆམ་བྱུང་།
ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། རྒྱལ་ཁབ་ནུས་ཁུངས་ཅུའུ་དང་། རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ། ཀྲུང་དབྱང་གི་ཁེ་ལས་དང་ཆེད་མཁས་པ་སོགས་ཀྱིས་རྒྱབ་སྐྱོར་གནང་བར་ལྷག་བསམ་རྣམ་དག་གིས་བཀའ་དྲིས་ཞུས། ཁྲིན་ཀང་གིས་བསྟན་དོན། མིག་སྔར། མཚོ་སྔོན་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་ཀྱིན་ཡོད་ལ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཐའ་ཚད་བརྟན་སྲུང་བྱས་ཡོད། དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱས་ཏེ། སྟོབས་ཤུགས་གཅིག་སྡུས་ཀྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པ་དང་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་བཞིན་ཡོད་པ་མ་ཟད། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་འདོམས་དང་སྐུལ་འདེད་བཏང་ཡོད། ཁོས་ནན་གྱིས་བསྟན་དོན། གོ་སྐབས་དམ་འཛིན་དང་འཕེལ་རྒྱས་གསར་བར་འཆར་འགོད་བྱས་ཏེ། ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། རྒྱུན་ཆད་མེད་པར་སྲིད་ཇུས་ཞིབ་འཇུག་དང་གསར་གཏོད་བྱ་བ་སྤེལ་དགོས་ཤིང་། རྩེ་རིམ་ཇུས་འགོད་ཀྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་སྐུལ་འདེད་གཏོང་དགོས། མཐུན་སྦྱོར་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་བཏང་སྟེ། ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་མ་ལག་ལས་གཞིར་སྐུལ་འདེད་བཏང་ནས། བྱ་བའི་མ་ལག་རང་བཞིན་ཤུགས་དྲག་ཏུ་གཏོང་བ་དང་། ཐོན་ལས་སྒྲིག་གཞིའི་ཆུ་ཚད་མྱུར་དུ་ཇེ་མཐོར་གཏོང་དགོས། ལག་རྩལ་བརྒལ་གཏོར་བྱེད་པར་སྔར་ལས་ཤུགས་སྣོན་བྱས་ཏེ། ལག་རྩལ་གྱི་དཀའ་གནད་སེལ་གང་ཐུབ་བྱས་ནས། མཐོ་ས་དང་དཔེ་སྟོན་ཞིང་ཆེན་བསྐྲུན་པར་ལག་རྩལ་གྱི་འདེགས་སྐྱོར་ཤུགས་ཆེན་འདོན་སྤྲོད་བྱེད་དགོས། ཞབས་ཞུ་འགན་སྲུང་སྔར་ལས་ཡག་པོར་སྒྲུབ་སྟེ། མཉམ་བསྐྲུན་གྱི་མཐུན་སྦྱོར་སྐུལ་སྤེལ་བྱ་བའི་རྐྱེན་སྲོལ་ནུས་པ་འདོན་སྤེལ་བཟང་པོ་བྱེད་པ་དང་། དག་གཙང་ནུས་ཁུངས་ཀྱི་དཔེ་སྟོན་རྣམ་གྲངས་སྔར་ལས་མང་པོ་མཚོ་སྔོན་ནས་ལག་བསྟར་ཐུབ་པར་སྐུལ་འདེད་གཏོང་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་རྒྱལ་ཁབ་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་སྟེང་སྔར་ལས་ཤུགས་བསྣན་ནས། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་སྟེ། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་གལ་ཆེའི་རང་བཞིན་དང་དགོས་གལ་ཆེ་བའི་རང་བཞིན་ལ་ངོས་ཤེས་ཟབ་མོ་བསྐྱེད་པ་དང་། ལོ་ཧྲིལ་བོའི་མཉམ་བསྐྲུན་དམིགས་འབེན་གསལ་བོར་འདོན་པ། མཉམ་བསྐྲུན་གྱི་མཉམ་ཤུགས་གཅིག་ཏུ་བསྡུས་ཏེ། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་ཡག་པོར་བསྐྲུན་པ་དང་དེ་བསྐྲུན་པའི་ལེའུ་ཡག་པོར་འབྲི་དགོས།
ཀྲང་ཅན་ཧྭ་ཡིས་བསྟན་དོན། མཉམ་བསྐྲུན་བྱ་བའི་ལོ་གཉིས་ཀྱི་རིང་ལ། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་ཡར་རྒྱས་རང་བཞིན་གྱི་གྲུབ་འབྲས་ཡོད་པ་དེ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་། ཆེད་ལས་འདྲི་རྟོགས་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པའི་བློ་གྲོས། ལས་ཁུངས་སོ་སོ་བཅས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་དང་ཁ་འབྲལ་ཐབས་མེད། ཀྲང་ཅན་ཧྭ་ཡིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་དགོངས་དོན་ལག་བསྟར་བྱས་ཏེ། མཚོ་སྔོན་གྱི་རྒྱལ་ཁབ་དག་གཙང་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་མཉམ་བསྐྲུན་བྱེད་པའི་བྱ་བའི་ལས་འགན་དངོས་འབེབས་བྱེད་དགོས་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནུས་ཁུངས་ངེས་གནས་དང་འཕྲད་པའི་གནས་བབ་གསར་བ་དང་བླང་བྱ་གསར་བར་ངོས་འཛིན་ཡང་དག་བྱས་ནས། ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཐོག་མའི་འགན་འཁྲི་རུ་བརྩི་བ་དང་། ནུས་ཁུངས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡུན་རིང་གི་ལས་འགན་དུ་བརྩི་བ། ནུས་ཁུངས་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དེ་ཁ་ཕྱོགས་གཙོ་བོར་བཟུང་ནས། དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་ཆེད་དངོས་པོའི་རྨང་གཞི་འདོན་སྤྲོད་བྱེད་པ་དང་། རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་སྔར་ལས་མང་བའི་ལྗང་མདོག་ནུས་པ་འདོན་སྤྲོད་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ཆེད་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བཅས་བྱེད་དགོས། ཁུངས་དྲ་ཁུར་གསོག་ལ་གཅིག་འདོམས་བྱས་ཏེ། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། “ནུས་ཁུངས”ཀྱི་ཕན་ཚུན་གསབ་རེས་ལ་ཤུགས་སྣོན་དང་། “གློག་དྲ”ཕན་ཚུན་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། “གློག་གསོག”འཁོར་ཡུན་ཕན་ནུས་ལེགས་སྒྱུར་བྱེད་པ་དང་། “ཐེག་ཚད” ཀྱི་བཀོད་སྤྱོད་ནུས་པ་འདོན་སྤེལ་བྱེད་དགོས། ནུས་ཤུགས་ཡོད་དགུས་གློག་ཁུངས་སྒྲིག་གཞི་ལེགས་བཅོས་བྱེད་པ་དང་། གློག་ཤུགས་མ་ལག་གསར་གྲས་མྱུར་དུ་འཛུགས་སྐྲུན་བྱེད་པ། གསོག་ནུས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཐོན་ལས་གཅིག་སྡུད་ཀྱི་མཐོ་ས་བསྐྲུན་དགོས། མཉམ་གྲོས་མཉམ་བསྐྲུན་རྒྱུན་འཁྱོངས་བྱས་ཏེ། བྱ་བ་དངོས་འབེབས་བྱེད་རྒྱུ་དམ་འཛིན་དོན་འཁྱོལ་དང་། མཐུན་སྦྱོར་འབྲེལ་མཐུད་ལ་ཤུགས་སྣོན། ཆེད་མཁས་ནུས་པ་འདོན་སྤེལ་བྱས་ནས། དངོས་འབེབས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་དམིགས་འབེན་མངོན་འགྱུར་ཡོང་ཆེད་དང་། ནུས་ཁུངས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གང་ལེགས་འཇོག་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་སྤྲད་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། མཉམ་བསྐྲུན་རྐྱེན་སྲོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དངོས་འབེབས་བྱེད་པའི་གཞི་རྩའི་བྱེད་ཐབས་ཤིག་ཡིན་པས། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་སྟེ་དངོས་འབེབས་དམ་འཛིན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་སེམས་ཁུར་དང་ཐུགས་ཁུར་དེ་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་པའི་སྒུལ་ནུས་གསར་བ་དང་། གྲུབ་འབྲས་གསར་བ་རུ་འགྱུར་བར་བྱེད་དགོས། གཙོ་གནད་འབུར་ཐོན་བྱས་ཏེ་དངོས་འབེབས་དམ་འཛིན་བྱེད་དགོས། མཐོ་ས་བསྐྲུན་པའི“འགུལ་སྐྱོད་ཆེན་པོ་དྲུག”ལ་དམ་དུ་དམིགས་ཏེ། འགག་གཏོར་གྱི་སྙིང་སྟོབས་དང་ལས་སྒྲུབ་ཀྱི་བྱེད་ཕྱོགས་ལ་བརྟེན་ནས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དང་གནས་ཚུལ་གསར་བ་མངོན་པར་བྱེད་དགོས། མཐུན་སྦྱོར་འབྲེལ་མཐུད་ཀྱིས་དངོས་འབེབས་དམ་འཛིན་བྱེད་དགོས། རྩ་འཛུགས་མགོ་ཁྲིད་དང་། འཆར་གཞི་འཆར་འགོད། རྣམ་གྲངས་བཀོད་སྒྲིག་སོགས་ཕྱོགས་ལ་སྔར་ལས་ཤུགས་སྣོན་དང་འབྲེལ་མཐུད་བྱས་ཏེ། སྔར་ལས་དོན་ལྡན་གྱི་བྱེད་ཐབས་སྤྱད་དེ་མཉམ་བསྐྲུན་བྱ་བ་གཏིང་ཟབ་ས་ནས་ཟབ་སར་སྤེལ་པར་སྐུལ་འདེད་གཏོང་དགོས། འགན་འཁྲི་ཤུགས་དྲག་ཏུ་བཏང་ནས་དངོས་འབེབས་དམ་འཛིན་བྱེད་དགོས། དམིགས་འབེན་ལས་འགན་གསལ་འབྱེད་དང་། དངོས་འབེབས་བྱེད་ཐབས་ཞིབ་ཚགས་བཟོ་བ། བྱེད་ཐབས་ཆ་ཚང་འདོན་སྤྲོད་བཅས་བྱས་ཏེ། རྒྱལ་ཡོངས་དག་གཙང་ནུས་ཁུངས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།
རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟིའི་སྤྱི་གཉེར་བ་ལིས་པོ་ཆིན་དང་། ཀྲུང་གོ་ཏ་ཐང་སྡེ་ཚོགས་ཀུང་ཟིའི་སྤྱི་གཉེར་བ་ལིའུ་མིན་ཧྲིན། ཞིང་ཆེན་གྱི་མགོ་ཁྲིད་པ་ཀྲུའུ་ཞང་ཧྥིན་དང་། ལོའུ་ཀང་སོགས་འབྲེལ་ཡོད་བྱ་འགུལ་ལ་ཞུགས། ཆེད་མཁས་འདྲི་རྟོགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཟི་དང་ཅུའུ། ཀྲུང་དབྱང་གི་ནུས་ཁུངས་ཁེ་ལས་ཁ་ཤས། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་གྱི་འགན་ཁུར་བློ་མཐུན་བཅས་སྐུལ་སྤེལ་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་སྔོན་ལ། གྲོས་ཚོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་ཆེད་མཁས་པ་སྔ་གཞུག་ཏུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། ཟི་ལིང་གྲོང་ཁྱེར་དུ་སོང་ནས། རྒྱལ་ཁབ་ཀྱི་སྐོར་དང་པོའི་རྟེན་གཞི་ཆེན་མོའི་རྒྱལ་ཁབ་ནུས་ཁུངས་ཀྱི་མཚོ་ལྷོའི་ཉི་འོད་གློག་གསོག་རྣམ་གྲངས་དང་། ཀྲུང་གོ་གློག་དྲའི་གུང་ཧོ་ཡི་སྟོང་ཝ་ཁྲི་ལྔ་ཅན་གྱི་ཉི་འོད་ནུས་པའི་གློག་འདོན་རྣམ་གྲངས། ཚ་རྔ་འགག་གི་ཆུ་གློག་དང་ཉི་གློག་ཁ་གསབ་གློག་འདོན་ས་ཚུགས་དང་མཚོ་ལྷོའི་བྱེ་ཐང་རྟེན་གཞིའི་འཆར་གཞི། མཚོ་སྔོན་ཞིང་ཆེན་གྱི་ཐཱན་གཉིས་གཞི་གྲངས་ཆེན་མོའི་ལྟེ་གནས་སོགས་ཀྱི་འཁོར་སྐྱོར་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།