ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་བྱེད་རུ་མིའི་འཐུས་མི་དང་བཞུགས་མོལ་བྱས།
2023.10.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ་བཅུ་བའི་ཚེས་བཅུ་ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་བྱེད་རུ་མིའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།  ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ “ཞིང་གསུམ་”ལས་དོན་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བླང་བྱ་ཁོང་དུ་ཆུད་པར་བྱེད་པ་དང་། གཞི་རིམ་གྱི་ས་ཞིང་གཤིན་པོར་རྩ་བ་ཚུགས་པ་དང་དམངས་ལ་བཅངས་པའི་བརྩེ་སེམས་ཇེ་ཟབ་ཏུ་བཏང་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཡོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་དགོས་པ་ནན་བཤད་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་བྱེད་རུ་མི་བརྒྱད་ཀྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མཐོང་ཐོས་མྱོང་གསུམ་མཉམ་སྤྱོད་བྱས།  ཁྲིན་ཀང་གིས་ནན་ཏན་ངང་ཉན་པ་དང་ཟིན་བྲིས་ཞིབ་ཕྲ་བྲིས་པར་མ་ཟད། ཚང་མ་དང་བསམ་བློ་བརྗེ་རེས་ཡང་ཡང་བྱས། ཁོས་བསྟན་དོན། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་བྱེད་རུ་མི་མུ་མཐུད་དུ་བདམས་མངག་བྱ་རྒྱུ་ནི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། སྡེ་སྡོད་རོགས་སྐྱོར་བྱ་བ་ནི་ཆབ་སྲིད་ཐོག་སྦྱོང་བརྡར་ཐོབ་པའི་གོ་སྐབས་ཡག་པོ་དང་། བསམ་བློའི་ཐོག་སྦྱོང་བརྡར་ཐོབ་པའི་གོ་སྐབས་ཡག་པོ། ལག་ལེན་ཁྲོད་སྦྱོང་བརྡར་ཐོབ་པའི་གོ་སྐབས་ཡག་པོ་བཅས་ཡིན་པས། ལས་བྱེད་པའི་ཕྱོགས་བསྡུས་ནུས་པ་མཐོ་རུ་གཏོང་རྒྱུ་དེ་ཧ་ཅང་འགག་རྩ་ཡིན་ཞིང་། མི་ཚེའི་རྩ་ཆེའི་རྒྱུ་ནོར་དང་གསོག་འཇོག་ཆེན་པོ་ཞིག་ཀྱང་ཡིན་པས་ཚང་མས་ཐོབ་དཀའ་བའི་གོ་སྐབས་དང་རྩ་ཆེའི་ལས་སྟེགས་ལ་གཅེས་སྤྲས་བྱས་ནས་མི་དམངས་སེམས་སུ་འཛིན་པ་དང་། འཆར་གཞི་ཡོད་པ། ཐབས་ཇུས་ཡོད་པ་བཅས་ཀྱི་ཐོག་ནས་སྡེ་སྡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་རེ་བ་ཡོད་ཅེས་བསྟན།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། རྒྱ་ཆེའི་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་བྱེད་རུ་མི་ཚོས་སྡེ་བའི་ཏང་རྩ་འཛུགས་འཛུགས་སྐྲུན་དང་། གྲོང་དར་དམངས་ཕྱུག་ལ་སྐུལ་འདེད། བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་བ། དམངས་ཀྱི་ཆེད་དུ་ལས་སྒྲུབ་ཞབས་ཞུ་བྱེད་པ། ཏང་གི་སྲིད་ཇུས་དྲིལ་བསྒྲགས་བཅས་ཀྱི་འགན་འཁྲི་དང་ངེས་གནས་ལ་དམིགས་ཏེ་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་ཏན་ཏིག་དང་། ཞན་ཆ་གསབ་པ། འགན་འཁྲི་འཁུར་ཕོད་པ། རྩ་འཛུགས་ཀྱི་རེ་བ་སྟོང་ཟད་དུ་མི་འགྲོ་བ་བཅས་བྱེད་དགོས། སློབ་སྦྱོང་བྱ་རྒྱུ་དེ་དགོས་མཁོ་ཨང་དང་པོར་བརྩིས་ནས་གྲོང་ཚོའི་གནས་ཚུལ་ལ་རྟོག་ཞིབ་གཏིང་ཟབ་དང་ཤེས་རྟོགས་ཐུབ་པ། བསམ་ཕྱོགས་གསལ་བོ་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་དང་སྡེ་སྡོད་ལས་དོན་གྱི་མཁས་པ་ཞིག་ཏུ་འགྱུར་བར་བྱེད་པ། དངོས་དོན་བསྒྲུབ་རྒྱུ་དེ་འཚོལ་སྙེག་ཨང་དང་པོར་འཛིན་པ་དང་། སྣེ་ཁྲིད་དེ་སྒྲུབ་དགོས་པའི་ཁྲིད་ཕྱོགས་བཙུགས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་མཉམ་དུ་ལངས་པ་དང་། མཉམ་དུ་བསམ་པ། མཉམ་དུ་སྒྲུབ་པ་བཅས་བྱེད་དགོས། འབྲེལ་མཐུད་ནུས་ལྡན་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་རྨང་གཞིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གཅིག་ཤེས་ཀུན་གྲོལ་གྱིས་ཞན་ཆ་གསབ་ནས་ཐབས་བརྒྱ་ཇུས་སྟོང་གིས་དམངས་ཕྱུག་ཡོང་འཕར་ཡོང་བར་བྱེད་པ། མཉམ་ཤུགས་གཅིག་སྒྲིལ་བྱ་རྒྱུ་དེ་སྒུལ་ཤུགས་ཨང་དང་པོར་བརྩིས་ཏེ་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས།  དོན་དག་བྱུང་ཚེ་མཉམ་དུ་གྲོས་བསྡུར་དང་། གནད་དོན་མཉམ་དུ་ཐག་གཅོད། འགན་འཁྲི་མཉམ་འཁུར་བཅས་བྱེད་དགོས། འཐབ་རྩོད་བྱེད་མཁས་པ་དེ་འཇོན་ཐང་ཨང་དང་པོར་འཛིན་པ་དང་། ལས་ཀའི་ཁྲོད་ཀྱི་དཀའ་ངལ་ཆེ་བའི་གནད་དོན་དང་འགན་མི་འཁུར་བ་དང་བྱས་རྗེས་མི་འཇོག་མཁན་ལ་འཐབ་རྩོད་བྱེད་ཕོད་པར་བྱ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། རྩ་འཛུགས་སྡེ་ཁག མངགས་གཏོང་ལས་ཁུངས་བཅས་ཀྱིས་སྔར་ལས་ཤུགས་ཆེན་པོས་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་སྒྲུབ་རུ་མིར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། སྡེ་སྡོད་ལས་བྱེད་པའི་རྗེས་འདེད་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྡེ་སྡོད་ལས་སྒྲུབ་རུ་ཁག་གི་ཞབས་ཞུའི་འགན་སྲུང་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་སྡེ་སྡོད་ལས་བྱེད་པས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ས་དང་པོར་ནུས་པ་སྔར་ལས་འདོན་སྤེལ་ཐུབ་པ་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡའོ་ཞ་ཡིས་ཚོགས་འདུར་འགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།