ཟླ་བཅུ་པའི་ཚེས་བཅུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཟི་ལིང་དུ། ཀྲུའུ་ཧའེ་གྲོང་ཁྱེར་ཧོས་ཡུན་ཏི་ཆིན་རྐང་དབང་དངུལ་གཏོང་ཐེབས་རྩ་དོ་དམ་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཞུའུ་ཁྲང་ཀྲུང་གིས་སྣེ་ཁྲིད་པའི་ཀུང་ཟིའི་ཐོན་ལས་དངུལ་གཏོང་ཞིབ་འཇུག་ཚོགས་པར་ཐུག་འཕྲད་བྱས།
ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཞིབ་འཇུག་ཚོགས་པ་མཚོ་སྔོན་དུ་ཡོང་བར་དགའ་བསུ་བྱས། ཁྲིན་ཀང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཚད་མཐོའི་གདེང་འཇོག་གནང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་གནས་བཞི་བསྐྲུན་པའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཐབས་ལམ་གསལ་བོར་བཏོན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་“གཤོག་ཟུང”བསྣན་ཡོད། མཚོ་སྔོན་ནི“རྨ་འབྲི་རྫ་གསུམ་འབྱུང་ཡུལ”དང “ཀྲུང་ཧྭའི་ཆུ་མཛོད”ཡིན་ལ། ཚྭ་མཚོའི་ཐོན་ཁུངས་དང་དག་གཙང་ནུས་ཁུངས། སྐྱེ་ཁམས་ཡུལ་སྐོར། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཁྱབ་ཁོངས་སུ་ཐུན་མོང་མ་ཡིན་པའི་དགེ་མཚན་ཡོད་པས། ཁེ་ལས་སོ་སོས་ཐེངས་འདིའི་རྟོག་ཞིབ་བརྒྱུད་དེ། ཁེ་ལས་རང་སྟེང་གི་འཕེལ་རྒྱས་དང་འཚམ་པའི་ཁྱབ་ཁོངས་ནས་མཉམ་ལས་གཏིང་ཟབ་བྱེད་རྒྱུའི་རེ་བ་ཡོད། འབྲེལ་ཡོད་སྡེ་ཁག་གིས་གོ་སྐབས་དམ་འཛིན་དང་འབྲེལ་མཐུད་ལ་ཤུགས་སྣོན་བྱས་ཏེ། རྣམ་གྲངས་དང་ཁེ་ལས་མཚོ་སྔོན་ནས་དངོས་འབེབས་བྱེད་པ་དང་གཡུར་དུ་ཟ་བའི་གྲུབ་འབྲས་ལོན་པར་སྐུལ་འདེད་གཏོང་དགོས།
ཞུའུ་ཁྲང་ཀྲུང་དང་སུའུ་ཀྲིག་ཐེན་ཧྭ་ནུས་ཁུངས་གསར་བའི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཕའེ་ཀྲིན་ཧྭ། ཏུང་ཧྭ་མཉེན་ཆས་མ་རྐང་ཚད་ཡོད་ཀུང་ཟིའི་མཐོ་རིམ་སྤྱི་འདོན་གཞོན་པ་ལིས་ཅན་གོ། སི་ཝེ་སྐྱེ་ཁམས་ཚན་རྩལ་ཧང་ཀྲིག་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཧྭ་ཀོས་ཁྲའོ་སོགས་ཁེ་ལས་པས་སྔ་གཞུག་ཏུ་གཏམ་བཤད། ཚང་མས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེན་ཡིན་ཞིང་། མཐོ་སྒང་གི་ཐོན་ཁུངས་ཁྱད་སྟོབས་མངོན་གསལ་ཡིན་ལ། འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཐོབ་དཀའ་བའི་གོ་སྐབས་དམ་འཛིན་བྱས་ཏེ་མཚོ་སྔོན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། མཉམ་ལས་གོ་སྐབས་འཚོལ་ཞིབ་བྱས་ཏེ། འབྲི་ཆུའི་སྟོད་སྨད་བརྒྱུད་ཀྱི་ཁེ་ལས་དག་གིས་མཐུན་སྦྱོར་བྱས་ནས་མཉམ་དུ་མཚོ་སྔོན་ལ་རྐང་འཛུགས་པ་དང་། ཧུར་ཐག་སྒོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སྣ་ཚོགས་ནང་ཞུགས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྒུལ་ནུས་གསར་བ་འདོན་སྤྲོད་བྱེད་དགོས་ཟེར།
ཞིང་ཆེན་གྱི་མགོ་ཁྲིད་པ་ཀྲུའུ་ཞང་ཧྥུན་དང་ཧི་ལུའུ་ཁྲུན་ཐུག་འཕྲད་ལ་ཞུགས།