ཟླ་བཅུ་བའི་ཚེས་བཅུ་ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་སྲིད་གྲོས་མོལ་གྲོས་ཚོགས་བསྡུས་ཏེ། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ལ་རང་ཞིང་གི་བརླན་སའི་སྲུང་སྐྱོབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གནས་ཚུལ་སྙན་ཞུ་བྱས་པར་མ་ཟད་བསམ་འཆར་དང་གྲོས་གཞིར་ཉན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་གཏམ་བཤད།
ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིའུ་ཐུང་ཏི་དང་། དམངས་གཙོ་མནའ་འབྲེལ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན་སོགས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ནགས་ལས་དང་རྩྭ་སའི་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་རང་ཞིང་གི་བརླན་སའི་སྲུང་སྐྱོབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱས། ཚོགས་ཞུགས་འཐུས་མི་དག་གིས་རང་ཞིང་གི་བརླན་སའི་སྲུང་སྐྱོབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་བསམ་འཆར་དང་གྲོས་གཞི་བཏོན།
གྲོས་ཚོགས་ནས་བསྟན་དོན། དུས་ཡུན་རིང་བོའི་ཚུན་ལ། རང་ཞིང་གིས་ཤུགས་ཆེན་པོས་བརླན་སའི་སྲུང་སྐྱོབ་དང་རིམ་དགར་དོ་དམ། ཐོན་ཁུངས་ལྟ་རྟོག་དོ་དམ། སྲུང་སྐྱོབ་སླར་གསོ། ཚད་འཇལ་དཔྱད་འཇོག་བཅས་མ་ལག་ཆེན་མོ་ལྔའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། བརླན་སའི་སྲུང་སྐྱོབ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསླེབ་ཡོད། རྒྱ་ཆེའི་དམངས་གཙོ་ཏང་ཁག་དང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་བརླན་སའི་སྲུང་སྐྱོབ་ལ་དམིགས་ནས་རྟོག་ཞིབ་བྱས་ཏེ། ཤུགས་རྐྱེན་ལྡན་ཞིང་སྤུས་ཚད་མཐོ་བའི་སྲིད་ཞུགས་སྲིད་གླེང་གི་གྲུབ་འབྲས་སྐོར་ཞིག་ཆགས་པར་བྱས་ཡོད་ལ། རང་ཞིང་གི་བརླན་སའི་སྲུང་སྐྱོབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་བཞག་ཡོད། བརླན་སའི་སྲུང་སྐྱོབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་གཅིག་སྡུད་བྱེད་དགོས། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་དགོངས་པ་གསར་བ་དང་དམིགས་འབེན་གསར་བ། རེ་བ་གསར་བ་བཅས་ལ་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས་རང་འགུལ་གྱིས་ལག་ལེན་བྱེད་པ་དང་། འབྲེལ་གཏུག་བྱེད་སའི་ཁོངས་མི་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་བྱས་ཏེ། བརླན་སའི་སྲུང་སྐྱོབ་དེ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་ཡོངས་ཁྱབ་ཀྱི་ཐུན་མོང་ལྟ་ཚུལ་ཞིག་ཏུ་འགྱུར་བར་བྱེད་དགོས། བརླན་སའི་སྲུང་སྐྱོབ་ལས་དོན་གྱི་འབྲེལ་ཡོད་དཀའ་གནད་དང་དཀའ་ཁག་ལ་གཏིང་ཟབ་ཏུ་ཞིབ་འཇུག་བྱེད་པར་ཤུགས་སྣོན་པ་དང་། གཏིང་ཟབ་ཅིང་སྤུས་ཚད་མཐོ་བ། ལག་ལེན་རང་བཞིན་དྲག་པོ་ལྡན་པའི་བསམ་འཆར་དང་གྲོས་གཞི་འདོན་དགོས། དམངས་གཙོ་ལྟ་རྟོག་ལ་ཤུགས་སྣོན་པ་དང་། གཙོ་བོ་བརླན་སའི་སྲུང་སྐྱོབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།